ཕྱི་ལོ་༢༠༡༨ ལོའི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཤོས་བཅུ།

༡) ཀེམ་དང་ཊོམ་གྱི་ཐུག་འཕྲད།

ཟླ་༦ པའི་ཚེས་༡༢ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས། སེང་གྷ་པུར་གྱི་མགྲོན་ཁང་ཞིག་ཏུ་ཐུག་འཕྲད་བྱས་ཡོད་པ་དང་། ཐུག་འཕྲད་དེ་ནི་ཨ་རིའི་སྲིད་འཛིན་ལས་ཐོག་གཅིག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་བར་གྱི་ཐུག་འཕྲད་ཐེངས་དང་པོ་ཆགས་ཡོད་པ་རེད། ཕྱོགས་གཉིས་བར་ལོ་གཅིག་རིང་བྱང་ཀོ་རི་ཡའི་རྡུལ་མཚོན་ལས་གཞི་དང་འབྲེལ་ནས། སྡིགས་ར་སྐུལ་རེས་བྱས་རྗེས། བྱང་ཀོ་རི་ཡས་ལྷོ་ཀོ་རི་དང་ཨ་རི་ལ་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་འདོད་པ་ཡོད་སྐོར་བརྗོད་རྗེས། བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་གྱིས་ཊོམ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན། དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བཅས་ལ་གནད་དོན་དེ་དང་འབྲེལ་ནས་ཐུག་འཕྲད་བྱས་ཡོད་པ་རེད། ད་ལྟའི་ཆར་ཕྱོགས་ཁག་བར་དེ་སྔོན་ལྟར་སྡིགས་ར་སྐུལ་རེས་དང་ཀོ་རི་ལའི་མཚོ་གླིང་ཁུལ་དུ་རྡུལ་མཚོན་གྱི་དམག་འཁྲུག་འབྱུང་བའི་ཉེན་ཁ་མེད་པའི་རྣམ་པ་ཡོད་ཀྱང་། བྱང་ཀོ་རི་ཡས་ཨ་རིའི་འདོད་པ་ལྟར། རྡུལ་མཚོན་རྣམས་རྩ་མེད་བཏང་མེད་ཁར། དཔྱད་བརྗོད་པ་མང་པོ་ཞིག་གིས་དེ་ལྟར་བྱེད་མི་སྲིད་པ་ཚོད་དཔག་བྱེད་བཞིན་ཡོད་པ་རེད།།

༢) ཨ་རྒྱ་གཉིས་ཀྱི་ཚོང་དམག

ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ཁྲོད། ཨ་རི་ལ་གྱོང་གུད་ཆེན་པོ་བྱུང་ཡོད་སྐོར་བརྗོད་ནས། ཟླ་༧ པ་ནས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༢༥༠ ལ་སྒོ་ཁྲལ་རྒྱག་བཞིན་ཡོད་ཁར། རྒྱ་ནག་གིས་རྒོལ་ལན་ཆེད་དུ་ཨ་རི་ནས་ནང་འདྲེན་བྱེད་བཞིན་པའི་ཚོང་ཟོག་འབོར་ཨ་སྒོར་ཐེར་འབུམ་༡༡༠ ལ་སྒོ་ཁྲལ་རྒྱག་བཞིན་ཡོད་པ་རེད། དཔྱད་བརྗོད་པ་ཚོས་འཛམ་གླིང་ནང་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་རྒྱལ་ཁབ་གཉིས་བར་ཚོང་དམག་མུ་མཐུད་ཆེ་རུ་སོང་ཚེ། རྒྱལ་སྤྱིའི་དཔལ་འབྱོར་ཁྲོམ་རར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཉེན་བརྡ་བཏང་ཡོད་པ་རེད། གནས་ཚུལ་དེར་འགྱུར་ལྡོག་ཅིག་བྱུང་བ་ནི། ཟླ་༡༢ པའི་ནང་སྟོབས་ཆེན་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་སྐབས་སུ། ཨ་རྒྱ་གཉིས་ཀྱི་སྲིད་འཛིན་དང་སྐུ་ཚབ་ལྷན་ཚོགས་ཟུར་དུ་ཚོགས་འདུ་འཚོགས་ཏེ། ཨ་རྒྱ་གཉིས་བར་ཚོང་དམག་གསར་པ་མི་རྒྱག་པར་ཉིན་གྲངས་༩༠ ཡི་རིང་གྲོས་མོལ་བྱས་ཏེ་དཀའ་ངལ་སེལ་ཐབས་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་པ་རེད། གལ་ཏེ་གྲོས་མོལ་དེར་གྲུབ་འབྲས་མ་ཐོན་ཚེ། ཕྱོགས་གཉིས་བར་གྱི་ཚོང་དམག་ཆེ་རུ་འགྲོ་ཉེན་དང་རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་ལ་ཉེན་ཚབས་ཆེན་པོ་ཡོད་པ་རེད།།

༣) རྒྱ་ནག་གི་སྲིད་འཛིན་ལས་ཡུན་ངེས་མེད་ཆགས་པ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་འཛིན་ལས་ཡུན་སྐབས་གཉིས་པ་དེ་ཕྱི་ལོ་༢༠༢༣ ལོར་རྫོགས་ཀྱི་ཡོད་པ་རེད་དེ། འདི་ལོའི་ཟླ་༣ པའི་ནང་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སྐབས། རྒྱ་ནག་གི་སྲིད་འཛིན་ལས་ཡུན་སྐབས་གཉིས་ལས་བྱེད་མི་ཆོག་པ་དེ་འགྱུར་བ་གཏོང་རྒྱུའི་གྲོས་འཆར་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་ནས། དེ་སྔོན་ཕྱི་ལོ་༡༩༨༢ ལོར་རྒྱ་ནག་གི་རྩ་ཁྲིམས་ནང་མི་གཅིག་གིས་དབང་ཆ་གཅིག་སྡུད་ཀྱིས་རྒྱུན་རིང་དབང་འཛིན་མི་བྱེད་པའི་ཆེད། སྲིད་འཛིན་ལས་ཡུན་སྐབས་༢ ལས་མང་བ་བྱེད་རྒྱུ་མེད་པ་དེར་འགྱུར་བ་ཕྱིན་ཡོད་པ་རེད། དེ་ཡང་སྲིད་འཛིན་ཞི་ཅིན་ཕིང་གི་ཆབ་སྲིད་དབང་ཆ་ཆེན་པོ་ཆགས་པ་དང་བསྟུན། ཕྱི་ལོ་༢༠༢༣ རྗེས་སུ་ཁོང་གིས་སྲིད་འཛིན་གྱི་ལས་ཁུར་མུ་མཐུད་ཁུར་རྒྱུའི་གོ་སྐབས་ཆེན་པོ་ཡོད་པ་རེད་ལ། རྒྱ་ནག་ནང་མི་གཅིག་རིང་ལུགས་ཀྱི་སྲིད་དབང་ལམ་ལུགས་བསྐྱར་དུ་འབྱུང་ཉེན་ཡོད་པ་རེད། དཔྱད་བརྗོད་པ་ཁག་ཅིག་གིས་གལ་ཏེ་དེ་ལྟར་འབྱུང་ཚེ། རྒྱ་ནག་ནང་བརྟན་ལྷིང་མེད་པ་ཆགས་ཉེན་ཡོད་སྐོར་བརྗོད་ཡོད་པ་རེད།།

༤) ཨ་རིའི་བར་མའི་འོས་བསྡུ།

ཟླ་༡༡ པའི་ཚེས་༦ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་རྐུབ་སྟེགས་༤༣༥ དང་གྲོས་ཚོགས་གོང་མའི་རྐུབ་སྟེགས་༣༥ ལ་བར་མའི་འོས་བསྡུ་བྱས་ཡོད་པ་རེད། དེ་ཡང་སྲིད་འཛིན་ཞིག་གི་ལས་ཡུན་སྐབས། བར་མའི་འོས་བསྡུ་དེས་ཨ་རིའི་མི་མང་གིས་སྲིད་འཛིན་དེ་ལ་རྒྱབ་སྐྱོར་ག་ཚད་ཡོད་མེད་ཀྱི་རྣམ་པ་སྟོན་པའི་སྡིངས་ཆ་ཆེ་ཤོས་དེ་ཡིན་པ་ལྟར། ཐེངས་འདིར་སྲིད་འཛིན་ཊོམ་གྱི་ལས་ཡུན་སྐབས་ཀྱི་བར་མའི་འོས་བསྡུའི་གྲུབ་དོན་དུ། གྲོས་ཚོགས་འོག་མའི་ནང་མང་གཙོ་ཚོགས་པར་མང་མོས་ཐོབ་པར་དགོས་ངེས་ཀྱི་རྐུབ་སྟེགས་༢༡༨ ལས་མང་བ་ཐོབ་སྟེ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད། གནད་དོན་དེ་ལ་བརྟེན་ནས་སྲིད་འཛིན་ཊོམ་གྱི་འཆར་གཞི་མང་པོ་ཞིག་ཚད་འཛིན་དང་བཀག་འགོག་བྱེད་པའི་ནུས་པ་མང་གཙོ་ཚོགས་པར་ཐོབ་ཡོད་པ་རེད། འོན་ཀྱང་སྲིད་འཛིན་ཊོམ་གནས་དབྱུང་གཏོང་བའི་ལས་དོན་ལ་འགོག་རྐྱེན་ཞིག་ཆགས་ཡོད་པ་ནི། གྲོས་ཚོགས་གོང་མའི་ནང་མུ་མཐུད་ནས་སྤྱི་མཐུན་ཚོགས་པས་རྐུབ་སྟེགས་མང་མོས་ཉར་ཐུབ་ཡོད་པས། གལ་སྲིད་གྲོས་ཚོགས་འོག་མའི་ནང་སྲིད་འཛིན་ཊོམ་གནས་དབྱུང་གཏོང་བའི་རྒྱུ་མཚན་རག་ནས་རྒྱབ་སྐྱོར་ཐོབ་ཀྱང་། གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་ཆགས་ཡོད་པ་རེད།།

༥)འཛམ་གླིང་རྐང་སྤོལ་འགྲན་སྡུར།

ལོ་བཞི་རེའི་མཚམས་སུ་འཚོགས་ཀྱི་ཡོད་པའི་འཛམ་གླིང་རྐང་སྤོལ་འགྲན་སྡུར་ནི་རྒྱལ་སྤྱིའི་ནང་མི་རྣམས་ཀྱིས་ངང་སྒུག་དང་ལྟད་མོ་བལྟ་བའི་རྩེད་འགྲན་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་ལྟར། ཕྱི་ལོ་༢༠༡༨ ལོའི་ཟླ་༦ པའི་ཚེས་༡༤ ཉིན་ནས་ཟླ་༧ པའི་ཚེས་༡༥ བར་ཨུ་རུ་སུར། འཛམ་གླིང་སྐྱེས་པའི་རྐང་སྤོལ་འགྲན་སྡུར་ཐེངས་༢༡ པའི་ནང་རྒྱལ་ཁབ་༣༢ མཉམ་ཞུགས་བྱས་ཡོད་པ་རེད། དེ་ཡང་ཐེངས་དེའི་འགྲན་སྡུར་ནང་རྐང་སྤོལ་གྱི་གནས་ཚད་མཐོན་པོ་ཡིན་པའི་འཇར་མན་དང་སཱེ་པན་སོགས་ཀྱིས་གྲུབ་འབྲས་འདོན་ཐུབ་མེད་པ་རེད། རྩེད་འགྲན་མཐའ་མའི་ནང་ཧྥ་རན་སི་དང་ཁཱེ་རོ་ཤི་ཡའི་རུ་ཁག་གཉིས་འགྲན་སྡུར་ཁྲོད་མཐའ་མའི་རྒྱལ་ཁ་དེ་ཧྥ་རན་སིར་ཐོབ་ཡོད་པ་རེད་དེ། རྒྱལ་སྤྱིའི་ནང་ཁཱེ་རོ་ཤི་ཡའི་རུ་ཁག་གི་སེམས་ཤུགས་དང་རྩེད་མོ་བའི་རིན་ཐང་གི་སྤྱོད་ཚུལ་སོགས་ལ་དགའ་མོས་ཆེན་པོ་ཐོབ་ཡོད་ཁར། རུ་ཁག་དེའི་རྩེད་མོ་བ་གཙོ་བོ་ལཱུ་ཁ་སེ་མཱོ་ཌེག་ལ་རྩེད་འགྲན་དེ་དང་ཕྱི་ལོ་༢༠༡༨ ལོའི་རྐང་སྤོལ་རྩེད་མོ་བ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད།།

༦) ཡེ་ཤུ་ཆོས་ལུགས་ནང་བཙན་དབང་འཁྲིག་སྤྱོད་ཀྱི་གནས་ཚུལ་ཁྱབ་ཆེན་ཕྱིར་ཐོན།

འཛམ་གླིང་ནང་རྗེས་འཇུག་པ་ཐེར་འབུམ་༡.༣ ལྷག་ཡོད་པའི་ཡེ་ཤུ་ཁེ་ཐོ་ལེག་གི་ཁོར་ཡུག་ནང་། ཆོས་དཔོན་སོགས་ཆོས་བྱེད་མི་སྣ་མང་པོས། རྒྱུན་རིང་ནས་ཆོས་ལུགས་དེའི་རྗེས་འབྲང་པ་ཕྲུ་གུ་གཙོས་པའི་གཞོན་སྐྱེས་སྟོང་ཕྲག་མང་པོར་བཙན་དབང་འཁྲིག་སྤྱོད་བྱས་པ་དང་། གོ་གནས་མཐོ་བའི་བླ་ཆེན་ཁག་ཅིག་གིས་གནས་ཚུལ་དེ་རིགས་སྦས་ཐབས་བྱས་ཡོད་པའི་སྙན་ཐོ་རིམ་པ་ཕྱིར་ཐོན་བྱུང་ནས། རྒྱལ་སྤྱིའི་ནང་ཆོས་ལུགས་དེའི་རྗེས་འབྲང་པ་མང་པོར་སེམས་སྡུག་དང་ཁོང་ཁྲོ་ཆེན་པོ་བྱུང་ཡོད་པ་རེད། དེ་ཡང་ཟླ་༨ པའི་ནང་ཨ་རིའི་མངའ་སྡེ་པཱེན་སིལ་ཝེ་ནི་ཡ་ཁྲིམས་ཁང་ཞིག་གི་བཤེར་དཔང་ལྷན་ཚོགས་ཀྱིས་ལོ་གཉིས་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་བཏོན་ནས་གསར་འགོད་ལྷན་ཚོགས་བསྐོངས་ཡོད་འདུག་པ་དང་། སྙན་ཐོའི་ནང་མངའ་སྡེ་དེའི་ཆོས་གཞིས་༦ ནང་གི་ཆོས་དཔོན་ཚོས་འདས་མ་ཐག་པའི་ལོ་༧༠ ཡི་ནང་ཕྲུ་གུ་༡༠༠༠ ལས་མང་བར། བཙན་དབང་འཁྲིག་སྤྱོད་བྱས་ཡོད་པ་དང་། གྲུབ་དོན་དེ་དག་ལྷ་ཁང་གི་གྲངས་ཐོ་ལ་གཞིགས་ནས་གསལ་པོ་ཆགས་ཡོད་ཁར། ད་དུང་སྙན་སེང་ཞུས་མེད་པར་གནོད་འཚེ་འཕོག་མཁན་ཕྲུག་གུ་སྟོང་ཕྲག་མང་པོ་ཡོད་པར་ཚོད་དཔག་བྱས་ཡོད་པ་དང་། དེ་བཞིན་ཟླ་༩ པའི་ནང་འཇར་མན་ཡེ་ཤུ་ཁེ་ཐོ་ལེག་གི་ཆོས་གཞིས་༢༧ ལས་ཐོབ་པའི་ཡིག་ཆ་གཞིར་བཞག་གི་སྙན་ཐོ་ཞིག་ཐོན་ཡོད་པ་དང་། དེའི་ནང་ཕྱི་ལོ་༡༩༤༦ ནས་༢༠༡༤ བར་ཆོས་དཔོན་དང་ཆོས་ལུགས་མི་སྣ་༡༦༧༠ ལྷག་གིས་ཕྲུ་གུ་༣༦༧༧ ལ་བཙན་དབང་འཁྲིག་སྤྱོད་ཀྱི་གནོད་འཚེ་བཏང་ཡོད་སྐོར་འཁོད་འདུག དེ་བཞིན་ཡེ་ཤུ་བླ་དཔོན་ལ་ལམ་སྟོན་དང་བླ་དཔོན་སྐབས་རྗེས་མ་དེ་འདེམས་སྒྲུག་བྱེད་མཁན་གྱི་བླ་ཆེན་འཁོར་ཚོགས་ནང་དུ། བླ་ཆེན་གཉིས་ལས་གཅིག་ལ་བཙན་དབང་འཁྲིག་སྤྱོད་ཀྱི་ཉེས་འཛུགས་འཕོག་ཡོད་ཁར། གཅིག་ལ་བཙན་དབང་འཁྲིག་སྤྱོད་ཀྱི་གནས་ཚུལ་སྦས་ཐབས་བྱས་པའི་ཉེས་འཛུགས་འོག་ཡོད་པས། ཁོང་གཉིས་བླ་ཆེན་འཁོར་ཚོགས་ཀྱི་གོ་གནས་ནས་གནས་དབྱུང་བཏང་ཡོད་པ་རེད།།

༧) ཡེ་མན་གྱི་དམག་འཁྲུག་དང་མི་མང་གི་དཀའ་སྡུག

ཕྱི་ལོ་༢༠༡༥ ལོ་ནས་འགོ་བཙུགས་པས་དཀྱིལ་ཤར་ཡུལ་གྲུ་ཡེ་མན་གྱི་དམག་འཁྲུག་ལ་མཇུག་འབྲས་འདི་ལོར་མངོན་གསལ་དོད་པོ་ཆགས་ནས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རོགས་རམ་འོག་དམག་མཚམས་བརྟན་དུ་ཡོང་ཐབས་བྱེད་བཞིན་ཡོད་ཀྱང་། ཕྱོགས་ཁག་བར་ནང་འགྲིག་འབྱུང་རྒྱུའི་རེ་བ་ཆུང་ཆུང་ཡིན་པ་རེད། དེ་ཡང་དམག་འཁྲུག་དེའི་ཁྲོད་ ལོ་ལྔ་མན་ཆོད་ཀྱི་བྱིས་པ་བརྒྱད་ཁྲི་ལྔ་སྟོང་ཙམ་ལྟོག་ཤི་ཐེབས་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ཁར། ཕྱི་ལོ་༢༠༡༨ ལོའི་ནང་བྱིས་པ་འབུམ་བཞི་ཙམ་ལ་ཟས་བཅུད་མ་འདང་ནས་མུ་གེའི་ཉེན་ཚབས་ནང་ལྷུང་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་པ་རེད། ཡེ་མན་རྒྱལ་ཁབ་ཀྱི་དམག་འཁྲུག་ནང་ཕྱོགས་ཁག་བར་དབང་ཆའི་འཐབ་རྩོད་ཐོག ཁུལ་དེའི་ཁྱིམ་མཚེས་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ཆབ་སྲིད་དང་དམག་བྱུས་ཀྱི་དགོས་མཁོ་ལ་གཞིགས་ནས། ཤོག་ཁག་མི་འདྲ་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། དམག་འཁྲུག་དེ་ལ་བརྟེན་ནས་ད་བར་མི་མང་ས་ཡ་༣ ལས་མང་བ་རང་ཁྱིམ་བསྐྱུར་ནས་བྲོས་བྱོལ་འགྲོ་དགོས་བྱུང་ཡོད་ཁར། དེའི་ཁྲོད་ས་ཡ་༢ ཙམ་ད་དུང་ཡང་གནས་ཡུལ་ངེས་མེད་ངང་ལྷག་ཡོད་པ་རེད།།

༨) རང་བྱུང་གནོད་འཚེ།

ཕྱི་ལོ་༢༠༡༨ ལོར་རྒྱལ་སྤྱིའི་ནང་ས་ཡོམ་དང་ས་རུད། མཚོ་རླུང་། རླུང་འཚུབ། མེ་འཚུབ། ཐན་པ་སོགས་ཀྱི་རང་བྱུང་གནོད་འཚེ་ཤིན་ཏུ་མང་པོ་བྱུང་ནས། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་དངོས་སུ་མྱོང་ཡོད་པ་རེད། དེ་ཡང་ཨེ་ཤི་ཡའི་རྒྱལ་ཁབ་ཨན་ཌོ་ནི་ཤི་ཡ་ལྟ་བུར་མཚོན་ན། ལོ་གཅིག་ནང་རང་བྱུང་གནོད་འཚེ་ཆེ་ཆུང་མི་འདྲ་བ་༢༠༠༠ ལྷག་བྱུང་ནས་མི་མང་༤༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་གྲངས་ས་ཡ་༣ ལྷག་རང་གནས་ནས་གཞན་ལ་སྤོ་དགོས་པ་ཆགས་ཡོད་འདུག དེ་བཞིན་ཟླ་༡༡ པའི་ནང་ཨ་རིའི་མངའ་སྡེ་ཀེ་ལི་ཧྥོ་ནི་ཡའི་ནང་དུ་མེ་འཚུབ་མི་འདྲ་བ་གསུམ་བྱུང་ནས། མི་༩༡ ལྷག་གི་ཚེ་སྲོག་ཤོར་ཡོད་ཁར། ཁང་པ་འདྲ་མིན་༡༥༠༠༠ ལྷག་མེར་ཤོར་ཡོད་པ་རེད། ཕྱི་ལོ་༢༠༡༨ ལོའི་རང་བྱུང་གནོད་འཚེ་ཤིན་ཏུ་མང་པོ་བྱུང་ནས། རྒྱལ་སྤྱིའི་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་སྤྲོད་མཁན་ཡང་མང་དུ་ཕྱིན་ཡོད་པ་རེད།།

༩) སྟོད་གོས་སེར་པོའི་ལས་འགུལ་ཆེན་མོ།

ཧྥ་རན་སི་ནང་ཟླ་༡༡ པའི་ཚེས་༡༧ ཉིན་ནས་རྒྱལ་ཁབ་དེའི་ནང་རླངས་འཁོར་གྱི་སྣུམ་རིན་ཐོག་གི་དཔྱ་ཁྲལ་སྤར་རྒྱུའི་འཆར་གཞི་དང་འཚོ་གནས་ཀྱི་འགྲོ་སོང་སོགས་ཆེ་རུ་འགྲོ་བཞིན་པར་ངོ་རྒོལ་ལས་འགུལ་ཆེན་པོ་སྤེལ་འགོ་བཙུགས་ཡོད་པ་དང་། ལས་འགུལ་སྤེལ་ཡུལ་ཁག་ཅིག་ནང་ཉེན་རྟོག་པ་དང་ངོ་རྒོལ་བའི་བར་གདོང་ཐུག་གི་གནས་ཚུལ་ལྷག་ཡོད་པ་རེད། ངོ་རྒོལ་ལས་འགུལ་ཁྱབ་ཆེན་བྱུང་བ་ལ་བརྟེན་ནས། ཧྥ་རན་སི་གཞུང་གིས་རླངས་འཁོར་གྱི་སྣུམ་རིན་ཐོག་གི་དཔྱ་ཁྲལ་སྤར་རྒྱུའི་འཆར་གཞི་དེ་ཟླ་བ་དྲུག་རིང་ཕྱིར་འཐེན་བྱས་ཡོད་ཀྱང་། ལས་འགུལ་མུ་མཐུད་འགྲོ་བཞིན་ཡོད་པ་རེད། ཧྥ་རན་སིའི་ངོ་རྒོལ་ལས་འགུལ་བ་ཚོས་སྟོད་གོས་སེར་པོ་གྱོན་ཡོད་པས། རྒྱལ་སྤྱིའི་ནང་ལས་འགུལ་དེར་སྟོད་གོས་སེར་པོའི་ལས་འགུལ་ཞེས་མིང་ཐོབ་ཡོད་པ་དང་སྦྲགས། སྦེལ་ཇེམ་དང་ཁེ་ན་ཀྲ འཇར་མན་སོགས་རྒྱལ་ཁབ་མི་འདྲ་བ་༢༠ ལྷག་ནང་མི་མང་གི་ལས་འགུལ་གྱི་ངོ་བོ་འདྲ་མིན་སྐབས། སྟོད་གོས་སེར་པོ་གྱོན་འགོ་བཙུགས་ཡོད་པ་རེད།།

༡༠) གཞུང་འཛིན་ཚོགས་པ་ཁག་ཅིག་ལ་ཕམ་ཁ་ཆེན་པོ་བྱུང་བ།

ཕྱི་ལོ་༢༠༡༨ ལོའི་ནང་རྒྱ་གར་དང་འཇར་མན། དེ་བཞིན་ཐའེ་ཝན་བཅས་ཀྱི་ནང་དུ། མངའ་སྡེ་དང་ས་གནས་ཀྱི་འོས་བསྡུ་མང་པོ་ཞིག་བྱས་ཡོད་པ་དང་། རྒྱ་གར་ནང་ཟླ་༡༢ པའི་ཚེས་༡༡ ཉིན་མངའ་སྡེ་བཞི་ཡི་གྲོས་ཚོགས་འོས་བསྡུ་བྱས་ཡོད་པས་གྲུབ་དོན་དུ། གཞུང་འཛིན་ཚོགས་པ་བྷི་ཇི་བྷི་ལ་མངའ་སྡེའི་བཞི་ཡི་ནང་དུ་ཕམ་ཉེས་ཆེན་པོ་བྱུང་ཏེ། ཕྱི་ལོ་༢༠༡༩ ལོའི་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་འགྲན་རྩོད་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།

དེ་བཞིན་ཟླ་༡༡ པའི་ཚེས་༢༤ ཉིན་ཐའེ་ཝན་གྱི་གྲོང་ཁྱེར་དང་ས་གནས་ཁག་གི་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུའི་གྲུབ་དོན་དུ་གཞུང་འཛིན་ཚོགས་པ་མང་གཙོ་ཡར་ཐོན་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་བས། རྒྱལ་ཁབ་དེའི་སྲིད་འཛིན་དང་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚེ་དབྱིང་ཝེན་གྱིས། རང་ཉིད་སྲིད་དོན་ཚོགས་པ་དེའི་ཚོགས་གཙོ་ནས་དགོངས་པ་ཞུས་ཡོད་པས། ཕྱི་ལོ་༢༠༢༠ ལོའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་སུ་སྲིད་འཛིན་གྱི་འོས་མིར་ཁོང་འདེམས་ཐོན་ཡོང་རྒྱུ་ཁག་པོ་ཆགས་ཡོད། གཞུང་འཛིན་ཚོགས་པར་མངའ་སྡེ་དང་ས་གནས་ཀྱི་འོས་བསྡུར་ཕམ་ཁ་བྱུང་ནས། ཚོགས་པའི་འགོ་ཁྲིད་ནས་དགོངས་པ་ཞུ་དགོས་བྱུང་མཁན་གཞན་ཞིག་ནི། ཕྱི་ལོ་༢༠༠༥ ལོ་ནས་འཇར་མན་གྱི་སྲིད་བློན་ལས་ཁུར་བྱེད་མཁན་ལྕམ་མེར་ཁེལ་ཡིན་པ་རེད། དེ་ཡང་ཟླ་༡༠ པའི་ནང་འཇར་མན་གྱི་མངའ་སྡེ་ཁག་གི་འོས་བསྡུར། གཞུང་འཛིན་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པ་རྣམས་ལ་ཕམ་ཁ་ཆེན་པོ་བྱུང་བས། སྲིད་བློན་ལྕམ་མེར་ཁེལ་གྱིས་ཟླ་༡༢ ནང་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཀྱི་འོས་བསྡུར་འོས་འགྲན་མི་བྱེད་པར་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།