ཕྱི་ལོ་༢༠༢༣ ལོའི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་བཅུ་གཉིས།
༡) ཟླ་༡ པོའི་ཚེས་༦ ་ཉིན་ཏུར་ཀི་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་དང་སི་རི་ཡའི་བྱང་ཕྱོགས་ས་ཁུལ་ཁག་ཅིག་ནང་ས་ཡོམ་རིམ་པ་༧.༨ ཅན་ཞིག་བརྒྱབས་ནས། ཏུར་ཀིའི་མངའ་སྡེ་༡༡ ནང་གི་སྡོད་ཁང་༢༣༠,༠༠༠ ་ཙམ་ལ་གཏོར་སྐྱོན་ཕོག་ཡོད་པ་དང་། སི་རི་ཡའི་ནང་སྡོད་ཁང་༡༠,༦༠༠ ཙམ་ལ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། ད་བར་ཕྱོགས་གཉིས་ནང་གི་མི་གྲངས་༥༦,༠༠༠ ལྷག་ལ་ཤི་སྐྱོན་བྱུང་ཡོད་འདུག་པས་ཕྱི་ལོ་༢༠༢༣ ལོའི་གོད་ཆག་ཆེ་ཤོས་ཀྱི་གནས་ཚུལ་ཞིག་ཆགས་འདུག
༢) ལོ་འདིའི་ཕྱི་ཟླ་༣ པའི་ནང་ཨ་རིར་རྟེན་གཞི་བྱས་པའི་རང་དབང་ཁང་པ་(Freedom house ) ཡིས། ཕྱི་ལོ་༢༠༢༣ ་ལོའི་འཛམ་གླིང་ཐོག་གི་རང་དབང་(Freedom in the world 2023) ཞེས་པའི་ལོ་འཁོར་སྙན་ཐོ་ཞིག་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་འདས་པའི་ལོ་གཅིག་གི་རིང་། འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་དང་རང་སྐྱོང་ས་ཚིགས་༢༡༠ ཡི་སྤྱི་དམངས་རང་དབང་དང་། ཆབ་སྲིད་ཁེ་དབང་གི་གནས་སྟངས་སོགས་ཀྱི་ཐད་ཉམས་ཞིབ་བྱས་ཏེ། རང་དབང་ལྡན་པའི་རྒྱལ་ཁབ་དང་། རང་དབང་ཕྱེད་ཙམ་ལྡན་པའི་རྒྱལ་ཁབ། རང་དབང་མི་ལྡན་པའི་རྒྱལ་ཁབ་བཅས་རིམ་པ་གསུམ་དུ་དབྱེ་བ་ཕྱེས་ཡོད་པའི་ཁྲོད། བོད་ནང་གི་ཆབ་སྲིད་ཀྱི་ཐོབ་ཐང་དེ་གོར་ཐིག་འོག་གི་༢ ་ལ་ཟགས་ནས་ལོ་གསུམ་བསྟུད་མར་འཛམ་གླིང་ནང་རང་དབང་ཆེས་སྡུག་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད་པའི་སྙན་ཐོ་བཏོན་འདུག
༣) ལོ་འདིའི་ཕྱི་ཟླ་༤ པ་ནང་རྒྱ་གར་གྱི་མི་འབོར་དེ་ཐེར་འབུམ་༡.༤༢ ཟིན་ནས་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་གྱུར་ཡོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་༡༩༥༠ ་ཡས་མས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་འབོར་གྱི་གྲངས་ཐོ་བཏོན་པ་ནས་བཟུང་། རྒྱ་ནག་ནི་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་འབོར་མང་བ་དེ་དཀའ་ངལ་ཞིག་ལ་ངོས་འཛིན་བྱས་ཏེ། ཕྱི་ལོ་༡༩༨༠ ནས་ཕྱི་ལོ་༢༠༡༦ བར་ཕ་མ་གཉིས་ལ་ཕྲུ་གུ་གཅིག་མ་གཏོགས་བཙལ་མི་ཆོག་པའི་སྲིད་བྱུས་བཟུང་བ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་ནས་སྲིད་བྱུས་ལ་འགྱུར་བ་ཐེངས་མ་གཉིས་བཏང་ཡང་རྒྱ་ནག་ནང་ཕྲུ་གུ་སྐྱེས་ཚད་ཉུང་བ་སོགས་ལ་བརྟེན། ཕྱི་ལོ་༢༠༢༢ ལོ་ནི་འདས་པའི་ལོ་ངོ་དྲུག་ཅུའི་ནང་རྒྱ་ནག་གི་མི་འབོར་ཆག་པ་ཐོག་མ་དེ་གྱུར་ཞིང་། ད་ལྟའི་ཆར་འཛམ་གླིང་ཐོག་མི་འབོར་ཨང་དང་པོ་དེ་རྒྱ་གར་ཆགས་ཡོད་པ་རེད།
༤) ལོ་འདིའི་ཕྱི་ཟླ་༦ ་ཚེས་༣ ་ཉིན་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོ་ཐེངས་༣༠ པ་སྲུང་བརྩི་ཞུས་པ་སྟབས་བསྟུན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འཛམ་གླིང་ནང་རྒྱལ་ཁབ་༡༨༠ ཡི་གསར་འགོད་རང་དབང་གི་གནས་སྟངས་སྐོར་ཞིབ་འཇུག་བྱས་པའི་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པ་དང་། སྙན་ཐོའི་ནང་རྒྱ་ནག་ནི་འཛམ་གླིང་ཐོག་གསར་འགོད་པ་མང་ཤོས་བཙོན་འཇུག་བྱེད་མཁན་དང་དཀྲོག་གཏམ་མང་ཤོས་སྤེལ་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པས་རྒྱལ་ཁབ་༡༨༠ ནང་དུ། རྒྱ་ནག་ནི་ལོ་བཞི་བསྟུད་མར་འཛམ་གླིང་ཐོག་གསར་འགོད་རང་དབང་གི་གནས་སྟངས་སྡུག་ཤོས་ཀྱི་རྒྱལ་ཁབ་གཉིས་པ་དེ་ཆགས་ཡོད་འདུག
༥) ལོ་འདིའི་ཕྱི་ཟླ་༦ པའི་ནང་རྒྱ་ནག་ཏུ་གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་༢༡.༣% ཟིན་ནས་ཚད་མཐོ་ཤོས་སུ་བསླེབས་ཡོད་པར་བརྟེན། དེ་ནས་བཟུང་རྒྱ་ནག་གཞུང་གིས་གཞོན་སྐྱེས་ལས་མེད་ཀྱི་གྲངས་ཐོ་ཕྱིར་འདོན་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་འདུག
ནད་ཡམས་ཀྱི་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་འཕར་ཚད་དེ་རེ་བ་བྱས་པ་བཞིན་བྱུང་མེད་པ་དང་། ལྷག་པར་དུ་ཕྱི་ལོ་༢༠༢༣ ལོ་རྒྱ་ནག་གིས་དངོས་ཟོག་གཏོང་ལེན་གྱི་བརྒྱ་ཆ་ཆག་པ་དང་རྒྱ་ནག་རྒྱལ་ཡོངས་སུ་དཔལ་འབྱོར་འཕར་ཚད་དལ་དུ་ཕྱིན་པར་བརྟེན། བཟོ་ཚོང་ཁང་མང་པོས་ལས་མི་གསར་པ་མི་བསྡུ་བ་སོགས་ལ་བརྟེན། ལོ་འདིའི་ཐོག་མའི་ཟླ་བ་དྲུག་གི་རིང་། རྒྱ་ནག་ནང་ལོ་ན་༡༦་ནས་༢༤ བར་གྱི་གཞོན་སྐྱེས་ལས་མེད་ཀྱི་བརྒྱ་ཆ་མུ་མཐུད་འཕར་ཡོད་འདུག
༦) ལོ་འདིའི་ཕྱི་ཟླ་༦ ཚེས་༡༨་དང་༡༩ བཅས་ཉིན་གྲངས་གཉིས་ཀྱི་རིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Antony Blinken) ་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ། ཞི་ཅིན་ཕིང་དང་། ཕྱི་སྲིད་བློན་ཆེན་(Qin Gang) གཙོས་འགོ་ཁྲིད་ཁག་ཅིག་དང་ཐུག་འཕྲད་གནང་ནས་ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུ་དང་ཚོང་དོན་དང་། བོད་དང་ཤིན་ཅང་། ཧོང་ཀོང་། ཐེ་ཝན་གྱི་གནད་དོན་སོགས་ཀྱི་ཐོག་ལ་གྲོས་བསྡུར་བྱས་ཡོད་འདུག འཚམས་གཟིགས་དེ་ནི་འདས་པའི་ལོ་ངོ་ལྔའི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་རྒྱ་ནག་ཏུ་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག སྐབས་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་ཕྱི་སྲིིད་བློན་ཆེན་(Qin Gang) ་ཨ་རིར་ཡོང་རྒྱུའི་མགྲོན་འབོད་གནང་ཡོད་འདུག
༧) ཕྱི་ཟླ་༦ པའི་ཚེས་༢༥ ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་ཀང་རྒྱ་ནག་གི་ཚོགས་ཆེན་ཁག་དང་། དེ་སྔོན་ཨིན་ཌོ་ནི་ཤི་ཡའི་ནང་རྒྱལ་ཁབ་མང་པོ་ཞིག་གི་ལྷན་ཚོགས་ནས་མི་མངོན་པར་གྱུར་ཞིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཆིན་ཀང་གཟུགས་གཞི་བདེ་པོ་མེད་པའི་རྐྱེན་གྱིས་འགྲོ་ཐུབ་ཀྱི་མེད་པར་བརྗོད། ཆིང་ཀང་གར་སོང་ཆ་མེད་དུ་གྱུར་ནས་ཟླ་བ་གཅིག་གི་རྗེས་སུ་ཕྱི་སྲིད་བློན་ཆེན་གྱི་གོ་གནས་ནས་ཕྱིར་འཕུད་བཏང་བ་སྲིད་དོན་དཔྱད་བརྗོད་པ་དག་གིས་ཤེས་རྟོགས་བྱུང་བ་རེད། དེ་བཞིན་ཕྱི་ཟླ་༨ པ་ནས་གར་སོང་ཆ་མེད་དུ་གྱུར་པའི་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལི་ཧྲང་ཧྥོ་གནས་དབྱུང་བཏང་བ། ཕྱི་ཟླ་༡༠ ཚེས་༢༤ ཉིན་རྒྱ་ནག་གཞུང་འབྲེལ་གྱིས་གསལ་བསྒྲགས་སྤེལ་ཡོད་པ་རེད།
༨) འདི་ལོའི་ཕྱི་ཟླ་༧ ཚེས༡༤ ཉིན་རྒྱ་གར་གྱི་མཁའ་དབྱིངས་ཉམས་ཞིབ་ལྟེ་གནས་ཁང་ISRO གིས་ ཅན་རྡར་ཡན-༣ ཟེར་བ་དེ་ཟླ་བའི་གོ་ལའི་ཐོག་གཏོང་འགོ་བཙུགས་ཡོད་པ་དང་། ཕྱི་ཟླ་༨ པའི་ཚེས་༢༣ དགོང་དྲོར་རྒྱ་གར་གྱི་མཁའ་དབྱིངས་འཕུར་མདའ། ཅན་རྡར་ཡན-༣ ཟེར་བ་དེ་ཟླ་བའི་གོ་ལའི་ལྷོ་སྣེ་རུ་བབས་ཐུབ་པ་བྱུང་བས་འཛམ་གླིང་གི་ལོ་རྒྱུས་ཐོག་ཟིན་ཐོ་གསར་པ་ཞིག་བཀོད་འདུག སྔོན་ཆད་ཨ་རི་དང་རྒྱ་ནག་གིས་ཟླ་བའི་ཐོག་འཕུར་མདའ་བཏང་ཡོད་ཀྱང་ཟླ་བའི་ལྷོ་སྣེ་རུ་གཏོང་ཐུབ་མེད་པ་ཡིན་འདུག
༩) ལོ་འདིའི་ཟླ་༡༠ ཚེས་༧ ཉིན་ཧ་མ་སིས་གློ་བུར་དུ་ཨི་སི་རེལ་ལ་གཏོར་རྒོལ་དང་བཙན་འཛུལ་བྱས་ཤིང་། མི་གྲངས་༡༢༠༠ བསད་པ་མ་ཟད། མི་གྲངས་༢༤༠ འཛིན་བཟུང་གིས་གཏའ་མིའི་ཆེད་བཙན་ཁྲིད་བྱས་ཡོད་འདུག ཨི་སི་རེལ་གྱིས་གཏོར་རྒོལ་དེ་ལ་འཁོན་ལན་བསླགས་ཤིང་། གནམ་ས་གཉིས་ནས་ཚུལ་རྒོལ་བྱས་ནས་ད་བར་གྷ་རྫ་ལ་མི་གྲངས་༢༠༠༠༠ ལྷག་བསད་ཡོད་པ་དང་། དེ་དག་ལས་བརྒྱ་ཆ་༤༠% ནི་ཕྲུ་གུ་ཡིན་འདུག ད་བར་རྒྱལ་ཁབ་༡༥༣ གྱིས་དམག་མཚམས་འཇོག་དགོས་པའི་རེ་བ་ཞུས་ཡོད་ཀྱང་། ཕྱོགས་གཉིས་ཀྱི་དམག་འཁྲུག་མུ་མཐུད་བཞིན་པ་རེད་འདུག
༡༠) ལོ་འདིའི་ཕྱི་ཟླ་༡༡ ་ནང་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཐོག་ཉན་ཞིབ་གནང་རྗེས། ཚོགས་ཆུང་གིས་སྤྱི་མོས་ཐོག་ཁྲིམས་འཆར་ལ་ཆོག་མཆན་བཀའ་འཁྲོལ་གནང་ཡོད་འདུག།ཁྲིམས་འཆར་དེ་ནི་དེ་སྔོན་གྲོས་ཚོགས་འཐུས་ཁག་ཅིག་གིས་ངོ་སྤྲོད་གནང་བའི་ཁྲིམས་འཆར་གྱི་བསྐྱར་བཅོས་ཡིན་ཞིང་། ཁྲིམས་འཆར་དེ་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཐོག་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་། ༸གོང་ས་མཆོག་གི་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་གྲོས་མོལ་ཡོང་ཐབས་ཐད་རྒྱབ་སྐྱོར་བསྐྱར་ནན་གནང་བ་ཞིག་ཆགས་ཡོད་འདུག
༡༡) ཕྱི་ཟླ་༡༢ ཚེས་ ༡༤ ཉིན་རྒྱ་གཞུང་གིས་བོད་རྒྱ་སྒྱུར་གྱི་སྲིད་ཇུས་དང་འབྲེལ་བའི་གྲོས་ཆོད་གྲོས་འཆར་ཞིག་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ས་ལི་མ་ཡན་བུས་ (Salima Yenbou) Kishen no་ཡོ་རོབ་གྲོས་ཚོགས་ནང་ངོ་སྤྲོད་དང་སྦྲགས། གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ལོ་༤ ནས་༡༨ བར་གྱི་བྱིས་པ་ས་ཡ་ ༡ ལྷག་ཙམ་ཕ་མ་དང་ཁ་ཕྲལ་ཏེ་གཏན་འཇགས་སློབ་གྲྭར་བཙན་གྱིས་བཅུག་སྟེ་སློབ་ཚན་ཚང་མ་རྒྱ་ཡིག་རང་ནས་འཁྲིད་པས་མཚོན་བོད་རྒྱ་སྒྱུར་གྱི་སྲིད་ཇུས་ལ་སྐྱོན་འཛུགས་དང་། སྲིད་ཇུས་དེ་དག་རྒྱ་གཞུང་གིས་འཕྲལ་དུ་མཚམས་འཇོག་དགོས་པ་སོགས་ཀྱི་གྲོས་ཆོད་གཅིག་གཏན་འབེབས་གནང་ཡོད་པ་དང་། གྲོས་ཆོད་དེར་ཚད་མཐོའི་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
༡༢) ༢༠༢༢ ཟླ་༢ ཚེས་༢༤ ནས་ར་ཡུ་གཉིས་ཀྱི་དམག་འཁྲུག་འགོ་བཙུགས་པ་ནས་ད་དུང་མུ་མཐུད་བཞིན་པ་དང་། དེའི་ནང་ཝག་ནར་སྒེར་དམག་གིས་གྱེན་ལོག་བྱས་ཤིང་། མཐར་ཝག་ནར་གྱི་འགོ་གཙོ་གནམ་གྲུའི་དོན་རྐྱེན་ལྟ་བུས་བསད། ཧ་མ་སི་དང་ཨེ་སི་རེལ་གྱི་དམག་འཁྲུག་མ་བྱུང་སྔོན་ར་ཡུའི་དམག་འཁྲུག་དང་ཝག་ནར་སྒེར་དམག་ནི་རྒྱལ་སྤྱིའི་གླེང་གཞི་ཆེ་ཤོས་སུ་གྱུར་པ་བཅས་སོ།།
Comments are closed.