ཕྱི་ལོ་༢༠༢༤ ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་མི་རྣམས་དང་ཁོང་ཚོས་རྒྱ་ནག་ལ་འཛིན་པའི་ལངས་ཕྱོགས། 

ཐེ་ཝན་ནང་ཡོད་པའི་སྲིད་དོན་ཚོགས་པ་ཁག་སོ་སོས་ཕྱི་ལོ་༢༠༢༤ ལོའི་སྲིད་འཛིན་འོས་མི་རྣམས་བདམས་ཟིན་ཡོད་འདུག་ལ། ད་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་དང་། རྒྱ་ནག་གིས་ཐེ་ཝན་དྲག་པོའི་ཐོག་བཙན་བཟུང་བྱེད་རྒྱུར་འཇིགས་སྐུལ་བྱེད་བཞིན་ཡོད་ཅིང། ཨ་རིས་ཐེ་ཝན་གྱི་རང་བཙན་ལ་མངོན་གསལ་དོད་པོ་མེད་པའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱིན་པའི་སྐབས་འདིར། སྲིད་འཛིན་འོས་མི་རྣམས་ཀྱིས་མ་འོངས་པར་ཐེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་ལམ་འཛུགས་ཕྱོགས་ཐད་དོ་སྣང་བྱེད་རྒྱུ་དེ་གལ་འགག་ཆེན་པོ་ཆགས་ཀྱི་ཡོད་འདུག 

ཕྱི་ཚེས་༢༢ ཉིན་ཨེ་ཤེ་ཡའི་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་གྱི་འོས་བསྡུ་ནི་ཕྱི་ལོ་༢༠༢༤ ཟླ་བ་༡ ཚེས་༡༣ ཉིན་ཡིན་འདུག་པར་བརྟེན། འོས་བསྡུ་དེའི་ཆེད་དུ་ཐེ་ཝན་ནང་ཡོད་པའི་སྲིད་དོན་ཚོགས་པ་ཁག་སོ་སོས་སྲིད་འཛིན་འོས་མི་བདམས་ཟིན་ཡོད་འདུག ད་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་དང། རྒྱ་ནག་གིས་ཐེ་ཝན་བཙན་བཟུང་བྱེད་རྒྱུ་ལ་འཇིགས་སྐུལ་བྱེད་བཞིན་ཡོད་ཅིང། ཨ་རིས་ཐེ་ཝན་གྱི་རང་བཙན་ལ་མངོན་གསལ་དོད་པོ་མེད་པའི་ཐོག་ནས་རྒྱབ་སྐྱོར་བྱེད་བཞིན་པའི་སྐབས་འདིར། ཕྱི་ལོ༢༠༢༤ ལོའི་སྲིད་འཛིན་འོས་མི་སུ་འདྲ་ཞིག་མ་འོངས་པའི་ཐེ་ཝན་གྱི་སྲིད་འཛིན་ཆགས་པ་ན། ཐེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་ལམ་དང་། ཐེ་ཝན་དང་ཨ་རིའི་བར་གྱི་འབྲེལ་བ་སོགས་ཀྱི་ཐོག་ལ་འགན་འཁྲི་ཆེན་པོ་ཞིག་སླེབ་ཀྱི་ཡོད་པར་བརྟེན། ཐེངས་འདིའི་འོས་བསྡུ་དེ་ཐེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་བ་གཅིག་པུར་མ་ཡིན་པར། འབྱུང་འགྱུར་གོ་ལ་ཡོངས་ཀྱི་ཆབ་སྲིད་འགྱུར་འགྲོས་ཁྲོད་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་འདུག དེར་བརྟེན་ད་ཆར་ཐེ་ཝན་གྱི་སྲིད་འཛིན་འོས་མི་ལ་མི་མང་པོས་དོ་སྣང་ཆེན་པོ་བྱེད་དགོས་པ་ཞིག་ཡིན་འདུག་ལ། སྲིད་འཛིན་འོས་མིའི་ཁྲོད་གླེང་སློང་ཆེ་ཤོས་ཀྱི་གནད་དོན་ཞིག་ནི་རྒྱ་ནག་དང་ཐེ་ཝན་བར་གྱི་འབྲེལ་ལམ་འཛུགས་ཕྱོགས་ཐད་ཡིན་འདུག རྒྱུ་མཚན་ནི་རྒྱ་ནག་གིས་ཐེ་ཝན་དེ་གང་མགྱོགས་མེས་རྒྱལ་ཁྱིམ་ཚང་ནང་དུ་ལོག་དགོས་པ་དང་། ཞི་བའི་ཐོག་ནས་མ་ལོག་ཚེ་དྲག་པོའི་ཐོག་ནས་བཙན་བཟུང་བྱེད་རྒྱུ་ཡིན་ཞེས་ཡང་ཡང་རྗོད་ཀྱི་ཡོད་པར་བརྟེན། མ་འོངས་པའི་སྲིད་འཛིན་གྱིས་ཐེ་ཝན་དང་རྒྱ་ནག་བར་འབྲེལ་ལམ་ཡག་པོ་ཞིག་འཛུགས་མ་ཐུབ་ཚེ། ཐེ་ཝན་གྱི་གནད་དོན་གྱིས་རྐྱེན་པའི་དམག་འཁྲུག་ཆེན་པོ་ཞིག་ཡང་བསྐྱར་ཡོང་སྲིད་པ་ཡིན་འདུག ཕྱི་ལོ་༡༩༩༢ ལོར་གོ་མིན་ཏང་སྲིད་དོན་ཚོགས་པ་དང་རྒྱ་ནག་བར་རྒྱ་ནག་གཅིག་གི་སྲིད་བྱུས་དང་ཕྱོགས་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་གྲོས་མཐུན་ཞིག་ཧོང་ཀོང་དུ་བཞག་མྱོང་ཡོད་འདུག་ཀྱང་། གྲོས་མཐུན་དེ་ཁ་གསལ་མེད་པའི་རྐྱེན་གྱིས་འོས་མིའི་ཁྲོད་གནད་དོན་དེ་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་འདུག གོང་གི་གྲོས་མཐུན་དེ་ད་ལྟའི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་ངོས་ལེན་བྱེད་ཀྱི་མེད་པ་རེད། འོས་མི་ཁག་གཅིག་གིས་ཁོང་ཚོ་མ་འོངས་པར་སྲིད་འཛིན་ཆགས་པ་ཡིན་ན་གྲོས་མཐུན་དེ་ཁ་གསལ་བཟོ་རྒྱུ་ཡིན་པ་ཁས་ལེན་བྱེད་བཞིན་ཡོད་འདུག

ལོ་རྗེས་མའི་འོས་བསྡུའི་ཁྲོད་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ནི་ལེེེའེ་ཁྲིན་ཐིས(Lai Ching te) ཡིན་འདུག་ལ། ཁོང་ད་ལྟ་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་ཡིན་འདུག ཁོང་གིས་བརྗོད་དོན་ལ་པེ་ཅིན་གཞུང་གིས་ཐེ་ཝན་ཐོག་བདག་དབང་ཡོད་ཚུལ་བརྗོད་པའམ་རྒྱ་ནག་གཅིག་གི་སྲིད་བྱུས་དེ་ངོས་ལེན་བྱེད་ཀྱི་མེད་ཅེས་བརྗོད་འདུག 

དེ་བཞིན་གོ་མིན་ཏང་སྲིད་དོན་ཚོགས་པའི་འོས་མི་ནི་ཧོའོ་ཡུ་ཡིད(Hou You Yi )ཡིན་འདུག ཁོ་ནི་འཕྲུལ་རིགས་ཀྱི་ཚོང་གཉེར་ཁང་ཞིག་གི་བདག་པོ་དང་། ཆབ་སྲིད་པ་དང་སྒོར་ཐེར་འབུམ་ཡོད་པའི་ཕྱུག་བདག་ཅིག་ཡིན་འདུག ཁོང་གིས་བརྗོད་དོན་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ངོས་ལེན་བྱེད་ཀྱི་ཡོད་པར་བརྗོད་འདུག ཐེ་ཝན་མི་མང་སྲིད་དོན་ཚོགས་པའི་འོས་མི་ནི་ཀོ་ཝན་ཇིས་(Ko Wen-je)ཡིན་འདུག་ལ། ཁོང་གིས་བརྗོད་དོན་ལ་གལ་སྲིད་ཁོང་མ་འོངས་པར་སྲིད་འཛིན་ཆགས་པ་ཡིན་ན། ཕྱི་ལོ་༡༩༩༢ ལོའི་གྲོས་མཐུན་ཟེར་བ་དེ་པེ་ཅིན་གཞུང་དང་ལྷན་དུ་ཁ་གསལ་བཟོ་འདོད་ཡོད་ཅེས་གསུངས་འདུག གོང་གི་ཐེ་ཝན་གྱི་སྲིད་དོན་ཚོགས་པ་སོ་སོའི་མི་མང་དག་གིས་རྒྱ་ནག་དང་ཐེ་ཝན་བར་གྱི་འབྲེལ་ལམ་ཐོག་ལྟ་སྟངས་དང་བསམ་ཚུལ་མི་འདྲ་བ་ཡོད་འདུག་ལ། ལྟ་སྟངས་མི་འདྲ་བ་དག་ཚོན་མདོག་མི་འདྲ་བའི་ཐོག་ནས་དབྱེ་བཞིན་ཡོད་འདུག

དང་པོ། ཚོན་མདོག་དམར་པོ་ཅན་དང་དེར་རྒྱབ་སྐྱོར་བྱེད་མཁན་མི་མང་དག་གིས་ཐེ་ཝན་དེ་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པས་རྒྱ་ནག་དམར་ཤོག་གཞུང་གིས་ཐེ་ཝན་འཛིན་སྐྱོང་བྱེད་དགོས་ཚུལ་འདོད་མཁན་དག་ཡིན་འདུག་ལ། ཐེ་ཝན་ནི་རྒྱ་ནག་ལས་ཁ་འབྲལ་ཐབས་བྱེད་པ་ནི་ཁྲིམས་འགལ་ཡིན་ཚུལ་འདོད་མཁན་དག་མཚོན་གྱི་ཡོད་པ་དང་། ཁོང་ཚོ་ནི་རྒྱ་ནག་སྐམ་ས་ཆེན་མོའི་མི་མང་ཡིན་འདུག

གཉིས་པ། ཚོན་མདོག་སྔོན་པོ་ཅན་དང་དེའི་རྒྱབ་སྐྱོར་བ་ནི་ཕྱི་ལོ་༡༩༤༩ ལོའི་རྗེས་སུ་རྒྱ་ནག་ནས་ཐེ་ཝན་ལ་ཡོང་མཁན་གོ་མིན་ཏང་གི་མི་མང་ས་ཡ་གཉིས་ཙམ་ཡོད་པ་དག་གི་རྒྱུད་པ་ཡིན་འདུག ཁོང་ཚོས་ཐེ་ཝན་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་དམར་ཤོག་གི་གཞུང་ངོས་ལེན་བྱེད་ཀྱི་མེད་ཅེས་རྗོད་མཁན་དག་ཡིན་པ་དང་། ཁོང་ཚོས་ཐེ་ཝན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུར་མོས་མཐུན་ཡོད་ཀྱང་། རྒྱ་ནག་དམར་ཤོག་གི་འོག་ཏུ་སྡོད་འདོད་མེད་ཅེས་རྗོད་ཀྱི་ཡོད་འདུག

གསུམ་པ། ཚོན་མདོག་ལྗང་ཁུ་ཡིས་རྒྱ་མི་རིགས་ཡིན་ཡང་འཛམ་གླིང་དམག་ཆེན་གཉིས་པའི་སྔོན་ནས་ཐེ་ཝན་གླིང་ཆེན་དུ་ཡོང་མཁན་དག་མཚོན་གྱི་ཡོད་འདུག ཁོང་ཚོས་ཐེ་ཝན་ནི་རྒྱལ་ཁབ་གཅིག་ཡིན་པ་ལས་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་ཀྱི་མི་འདུག་ལ།   ཁོང་ཚོ་ནི་ཐེ་ཝན་མི་མང་(Taiwanese)ཡིན་པ་ལས་རྒྱ་ནག་མི་མང་(Chinese) ཡིན་པ་ངོས་ལེན་བྱེད་ཀྱི་མི་འདུག 

ད་ཆར་རྒྱ་ནག་གི་གནོན་ཤུགས་ཀྱིས་རྐྱེན་པས་རྒྱལ་སྤྱིའི་ཐོག་ཐེ་ཝན་དེ་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་མཁན་དཀོན་པོ་ཡིན་པའི་སྐབས་འདིར། ཐེ་ཝན་མི་མང་དབྱེ་བ་གསུམ་ཡོད་པ་དག་གི་ཁྲོད་ནས། ཐེངས་འདིའི་སྲིད་འཛིན་འོས་མི་རྣམ་པས་ཐེ་ཝན་དང་རྒྱ་ནག་བར་གྱི་འབྲེལ་ལམ་འཛུགས་ཕྱོགས་ཐད་བགྲོ་གླེང་ཆེན་པོ་འགྲོ་བཞིན་ཡོད་འདུག བརྗོད་གཞི་གཙོ་བོ་ཞིག་ནི་ཕྱི་ལོ་༡༩༩༢ཟླ་བ་༨ཚེས་༡ ཉིན་རྒྱ་ནག་དང་གོ་མིན་ཏང་གི་སྲིད་དོན་ཚོགས་པའི་བར་གྱི་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་གྲོས་མཐུན་ཞིག་བཞག་ཡོད་འདུག འོན་ཀྱང་། ཕྱོགས་གཉིས་ཀས་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་ལ་གོ་བ་ལེན་ཕྱོགས་མ་འདྲ་བ་ཡོད་འདུག པེ་ཅིན་གཞུང་ལ་མཚོན་ན་རྒྱ་ནག་གཅིག་ཟེར་བ་ནི་ད་ལྟའི་དམར་ཤོག་གཞུང་(The People’s Republice of China)ཟེར་བ་དེ་ལ་གོ་བཞིན་ཡོད་པ་དང་། ཐེ་ཝན་ལ་མཚོན་ན་(The Repubic of China)ཟེར་བ་དེ་རྒྱ་ནག་གཅིག་གི་སྲིད་བྱུས་ཁྲོད་རྒྱ་ནག་ཟེར་བ་དེར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། ད་ཆར་ཕྱོགས་གཉིས་ཀར་རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ་ལ་གོ་བ་ལེན་ཕྱོགས་མི་འདྲ་བ་ཡོད་པའི་རྐྱེན་ཀྱིས་ཐེངས་འདིའི་ཐེ་ཝན་གྱི་འོས་བསྡུའི་ཁྲོད་གླེང་སློང་མང་པོ་ཡོང་བཞིན་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།