ཕྱི་ལོ་༢༠༢༤ ལོའི་ཡུག་རེན་གྱི་འོས་བསྡུ་དང་ད་ལྟའི་དམག་འཁྲུག་སྐབས་སུ་ཨ་རིས་རྒྱབ་སྐྱོར་བྱེད་མིན།

ཨུ་རུ་སུ་དང་ཡུག་རེན་གཉིས་དམག་འཁྲུག་འགོ་བཙུགས་ནས་དུས་ཡུན་རིང་པོ་འགྲོ་བཞིན་ཡོད་པའི་སྐབས་འདིར། ཕྱི་ལོ༢༠༢༤ ནང་ཡུག་རེན་གྱི་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་བ་དང་། དམག་འཁྲུག་སྐབས་འོས་བསྡུ་བྱེད་རྒྱུ་ནི་ཧ་ཅང་གིས་ཁག་པོ་ཡིན་ཡང་། ཨ་རིའི་གཞུང་ནས་ཡུག་རེན་ལ་རོགས་དངུལ་ཕོན་ཆེན་སྤྲོད་ཀྱི་ཡོད་པའི་རྐྱེན་གྱིས་ཨ་རིའི་གྲོས་འཐུས་ལྟ་བ་མཁྲེགས་པོ་ཅན་ཁག་ཅིག་གིས་འོས་བསྡུ་མ་བྱས་ན་རོགས་དངུལ་སྤྲོད་མཚམས་འཇོག་དགོས་པའི་བསམ་ཚུལ་འདོན་མཁན་འབྱུང་བཞིན་ཡོད་འདུག 

ཕྱི་ཚེས་༢༦ ཉིན་སྦི་སྦི་སི་གསར་ཁང་གིས་བརྗོད་གསལ་ལྟར་ན། ལོ་རྗེས་མའི་ཕྱི་ཟླ་༣ ནང་ཡུག་རེན་གྱི་སྲིད་འཛིན་འོས་བསྡུ་ཡིན་པར་བརྟེན། ཡུག་རེན་ནང་བགྲོ་གླེང་ཆེན་པོ་འགྲོ་བཞིན་ཡོད་འདུག འོན་ཀྱང་ཕྱི་ལོ་༢༠༢༢ ཟླ་བ་༢ པའི་ནང་ཨུ་རུ་སུས་ཡུག་རེན་ལ་དམག་རྒྱག་འགོ་བཙུགས་པའི་རྐྱེན་གྱིས་ཡུག་རེན་ནང་ཛ་དྲག་གི་བཀའ་རྒྱའི་འོག་འོས་བསྡུ་ཚང་མ་བཀག་འགོག་བྱས་ཟིན་ཡོད་འདུག ད་ལྟའི་ཡུག་རེན་མི་དམངས་ཀྱིས་དམག་འཁྲུག་སྐབས་སུ་འོས་བསྡུ་བྱས་ན་དམག་འཁྲུག་ཁྲོད་ཕམ་ཉེས་འབྱུང་རྒྱུའི་ཉེན་ཁ་མཐོང་གི་ཡོད་འདུག་ལ། ཟླ་བ་འདིའི་ནང་ཡུག་རེན་གྱི་སྲིད་འཛིན་གྱིས་ད་ལྟའི་ཆར་འོས་བསྡུ་བྱས་ན་དུས་ཚོད་འོས་འཚམ་མིན་པར་བརྗོད་ཡོད་པར་བརྟེན། འོས་བསྡུའི་སྐོར་གླེང་སློང་རྒྱ་ཆེར་བྱེད་བཞིན་ཡོད་འདུག 

ཡུག་རེན་ནང་སྲིད་འཛིན་འོས་བསྡུ་མ་བྱས་པ་དེས་ཡུག་རེན་མི་དམངས་ཁྲོད་དཀའ་ངལ་དེ་ཙམ་མེད་ཀྱང་། ཨ་རིའི་གྲོས་ཚོགས་འཐུས་མིའི་ཁྲོད་གླེང་སློང་ཆེན་པོ་བྱས་ནས་ཡུག་རེན་ལ་དམག་རོགས་བྱེད་རྒྱུའི་ཐད། དཀའ་ངལ་གསར་པ་ཞིག་ཡོང་བཞིན་ཡོད་འདུག ཨ་རིའི་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་བ་དང་། ཨ་རིའི་སྤྱི་མཐུན་ཚོགས་པའི་ཁྲོད་ལྟ་བ་མཁྲེགས་པོ་ཅན་ཁག་ཅིག་གིས་ཨ་རིས་ཡུག་རེན་ལ་དཔལ་འབྱོར་གྱི་རོགས་རམ་འགོག་ཐབས་ཆེད་དུ་ཡུག་རེན་གྱི་འོས་བསྡུ་ངེས་པར་དུ་བྱེད་དགོས། གལ་སྲིད་འོས་བསྡུ་མ་བྱས་ན་རོགས་རམ་རྣམས་བཀག་འགོག་བྱེད་དགོས་རེད་ཅེས་རྗོད་ཀྱི་ཡོད་པ་ཨ་རིའི་འོས་བསྡུ་ལྟ་རྟོགས་བྱེད་མཁན་གྱི་འགན་འཛིན་བུད་མེད་(Olha Aivazovska)ཡིས་བརྗོད་འདུག ད་ཆར་ཡུག་རེན་ལ་རོགས་རམ་བྱེད་མིན་དེ་ཨ་རིའི་རྒྱལ་ནང་གི་ཆབ་སྲིད་ཁྲོད་ཚུད་ནས། ཆབ་སྲིད་ཚོགས་པའི་ནང་ཁུལ་ལ་ཡང་འགལ་ཟླ་འབྱུང་བཞིན་ཡོད་འདུག འདི་ལོའི་སྲིད་འཛིན་འོས་མི་(Vivek Ramaswamy)ཡིས་བརྗོད་དོན་ལ་ཡུག་རེན་ནི་དམངས་གཙོ་ཡང་དག་པའི་རྒྱལ་ཁབ་གཅིག་མ་རེད། ཨ་རིའི་གཞུང་གི་རོགས་རམ་དགོས་ན་ད་ལོ་ངེས་པར་དུ་འོས་བསྡུ་བྱེད་དགོས་ཞེས་བརྗོད་ཡོད་འདུག ཨ་རིས་ཡུག་རེན་ལ་རོགས་རམ་བྱེད་མིན་ཐད་ཨ་རིའི་གཞུང་ནང་འགལ་ཟླ་འབྱུང་དགོས་པའི་རྒྱུ་མཚན་གཅིག་ཡུག་རེན་གྱིས་འོས་བསྡུ་བྱེད་མིན་ལ་ཐུག་ཡོད་འདུག ཡུག་རེན་ནང་འོས་བསྡུ་བྱས་ན་ཛ་དྲག་གི་བཀག་རྒྱ་ཕྱིར་འཐེན་བྱེད་ཆོག་ཀྱང། ད་དུང་བདེ་སྲུང་དང་། མི་མང་གནང་སྤོབས། འོས་མི་སོ་སོའི་དྲིལ་བསྒྲགས། དུས་རྒྱུན་སློབ་གྲྭ་ཁག་ནང་འོས་བསྡུ་བྱེད་ཀྱི་ཡོད་ཀྱང་། ད་ཆར་སློབ་གྲྭ་མང་པོ་ཞིག་གཏོར་ཟིན་པ་སོགས་ཀྱི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་འདུག ཟླ་བ་འདིའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་རིག་པའི་ཚོགས་པ་ཞིག་གིས་ཡུག་རེན་གྱི་མི་དམངས་ཁྲོད་འོས་བསྡུ་ད་ལྟ་བྱེད་དང་དམག་འཁྲུག་རྗེས་སུ་བྱེད་ཅེས་ཉམས་ཞིབ་བྱེད་དུས་མི་དམངས་བརྒྱ་ཆ་༨༠ ཡིས་དམག་འཁྲུག་རྗེས་སུ་བྱས་ན་ཡག་ཚུལ་བརྗོད་ཡོད་འདུག ཡུག་རེན་གྱི་ཕྱོགས་འགལ་ཚོགས་པས་ཕྱི་ལོ་༢༠༢༤ ནང་འོས་བསྡུ་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག་ལ། འོས་མི་ཡང་གསལ་བསྒྲགས་ཀྱང་བྱས་ཟིན་ཡོད་འདུག ཡུག་རེན་གྱི་སྲིད་འཛིན་ཛེ་ལིན་སི་ཀིས་བརྗོད་དོན་ལ། ད་ལྟའི་དུས་ཚོད་ནི་འོས་བསྡུ་བྱེད་རྒྱུའི་དུས་ཚོད་ཅིག་མ་ཡིན་པ། དེ་ལས་ལྡོག་སྟེ་རང་གི་རྒྱལ་ཁབ་སྲུང་སྐྱོབ་བྱེད་རྒྱུ་དང་གཡུལ་སའི་ཁྲོད་འཐབ་འཁྲུག་བྱེད་རྒྱུའི་དུས་ཚོད་གཅིག་ཡིན་པས། མ་འོངས་པའི་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་སྡུག་ནི་ད་ལྟ་རང་གི་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཐུབ་མིན་ལ་རག་ལས་ཡོད་ཅེས་བརྗོད་ཡོད་འདུག 

ད་ལྟའི་ཆར་ཡུག་རེན་ནང་འོས་བསྡུ་བྱེད་རྒྱུ་ནི་ཧ་ཅང་གིས་ཁག་པོ་ཡིན་པ་དང་། མི་མང་མང་པོ་ཞིག་ཁ་འཐོར་དུ་གནས་ཡོད་ཅིང་། འོས་བསྡུ་བྱས་ན་ཡུག་རེན་གྱི་སྤྱི་ཚོགས་ཁྲོད་འགལ་ཟླ་མང་པོ་ཡོང་ནས་ད་ལྟའི་དམག་འཁྲུག་སྐབས་སུ་མཐུན་སྒྲིལ་ལ་དོ་ཕོག་ཡོང་ཉེན་ཡོང་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།