ཕྱི་ལོ་༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་དེ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་སོགས་ལ་འབུལ་གཏན་ཁེལ་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་ཕྱི་ལོ་༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་དེ་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་དང་། ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབྱངས་ཅན། དེ་བཞིན་ཧོང་ཀོང་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་ཨ་ནཱ་ཝོ་བཅས་ལ་འབུལ་གཏན་འཁེལ་འདུག

ཟླ་འདིིའི་ཚེས་༢༦ ཉིན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༥ ལོའི་ལྷག་དཀར་གཟེངས་རྟགས་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལོངས་ཤོག་མཚན་འཛོམས་ཐོག་ཏུ། རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་དང་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་དབྱངས་ཅན། དེ་བཞིན་ཧོང་ཀོང་གི་ལས་འགུལ་བ་ཨ་ན་ཀོག་༼Anna Kwok༽ བཅས་ལ་འབུལ་གཏན་འཁེལ་འདུག
ཨ་ཉག་སེང་སྒྲ་ནི་མདོ་སྨད་མགོ་ལོག་དགའ་སྡེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་ཞིང་། ཁོང་གིས་ཡུལ་དེའི་འབྲོག་པ་དམངས་ཚོགས་ཀྱི་སྣེ་ཁྲིད་དེ་ས་གནས་གཞུང་གི་ལྐོག་ཟ་རུལ་སུངས་དང་ཁྲིམས་འགལ་གྱིས་གཏེར་ཁ་སྔོག་འདོན་བྱས་པའི་བྱ་སྤྱོད་ཐེར་འདོན་བྱས་པར་བརྟེན། རྒྱ་གཞུང་གིས་ཁོང་དང་རོགས་པ་བརྒྱད་འཛིན་བཟུང་བྱས། ཕྱི་ལོ་༢༠༡༩ ལོར་ཁོང་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

བསྟན་འཛིན་དབྱངས་ཅན་ནི་ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཡིན་པ་དང་། ཁོང་གིས་ཚོགས་པའི་འགན་ཁུར་ནས་འདས་པའི་ལོ་ངོ་གཅིག་ལྷག་གི་རིང་། ཧྥ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱིས་དབྱིན་ཡིག་ཏུ་བོད་ལ་ཤིས་ཙང་ཞེས་པའི་ཐ་སྙད་བེད་སྤྱོད་བྱས་པར་ངོ་རྒོལ་གྱི་ལས་འགུལ་ཐེངས་ཉི་ཤུ་ལྷག་སྤེལ་ཡོད་པ་དང་། ལས་འགུལ་དེ་ལ་བརྟེན་ནས། འགྲེམས་སྟོན་ཁང་གཅིག་གིང་ནོར་འཁྲུལ་ངོས་ལེན་ཡང་བྱས་ཡོད་པ་རེད།
ཧོང་ཀོང་གི་ལས་འགུལ་བ་ཨ་ན་ཀོག་ནི་ཧོང་ཀོང་གི་བདེ་འཇགས་ཀྱི་ཁྲིམས་གཞི་དང་འགལ་བའི་ཉེས་མིང་འོག ཕྱི་ལོ་༢༠༢༣ ལོ་ནས་བཟུང་། ཧོང་ཀོང་གི་ཉེན་རྟོག་པས་འཛིན་བཟུང་བཀའ་རྒྱ་བཏང་བའི་ལས་འགུལ་བ་༡༩ ཡོད་པའི་ཁྲོད་ནས་གཅིག་ཡིན་པ་དང་། ཉེན་རྟོག་པས་ཁོང་གཙོས་པའི་ལས་འགུལ་བ་༡༡ གི་སྐོར། གནས་ཚུལ་མཁོ་སྤྲོད་བྱེད་མཁན་བྱུང་ན། དེར་ཧོང་ཀོང་གི་སྒོར་ས་ཡ་གཅིག་གི་བྱ་དགའ་སྤྲད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པས་ལོ་ལྟར་ལྷག་དཀར་གཟེངས་རྟགས་དེ་ལོངས་ཤོག་མཚན་འཛོམས་ཐོག་ཏུ། བོད་ཀྱི་རང་དབང་འཐབ་རྩོད་ཆེད་ཤུགས་རྐྱེན་ལྡན་པ་དང་། སྙིང་སྟོབས་དང་གསར་གཏོད་རང་བཞིན་གྱི་ལས་ཀ་བྱེད་མཁན་གྱི་མི་སྒེར་དང་ཚོགས་པ་ཁག་ལ་འབུལ་གྱི་ཡོད་འདུག དེ་སྔོན་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཨ་རི་ལ་གནས་སྡོད་བྱེད་མཁན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འབྲེལ་མཐུན་པ་ཚེ་ལྷ་རྫོགས་སངས། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་དང་དོན་གྲུབ་དབང་ཆེན། དེ་བཞིན་རོང་རྒྱལ་ཨ་གྲགས་སོགས་ལ་ཐོབ་མྱོང་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།