ཕྱུག་བདག་གཅིག་གིས་མངའ་སྡེ་ཞིག་ནང་མང་གཙོ་ཚོགས་པར་ཉུང་མཐར་ཨ་སྒོར་ས་ཡ་༡༠༠ འགྲོ་སོང་གཏོང་རྒྱུ་རེད་འདུག
ཨ་རིའི་ཕྱུག་བདག་ཐེར་འབུམ་བདག་པོ་ཞིག་གིས། སྲིད་འཛིན་འོས་བསྡུ་ནང་གནད་འགག་ཆེ་ཤོས་གྲས་ཀྱི་མངའ་སྡེ་ཞིག་ནང་། ལས་ཁུར་སྲིད་འཛིན་ཊོམ་ཕམ་ཁ་བྱུང་ཆེད་དང་མང་གཙོ་ཚོགས་པའི་འོས་མི་ཇཱོ་བྷེ་ཌན་ལ་རྒྱལ་ཁ་ཐོབ་ཆེད་དུ། དྲིལ་བསྒྲགས་ཀྱི་ལས་འགུལ་ལ་ཉུང་མཐར་ཨ་སྒོར་ས་ཡ་༡༠༠ འགྲོ་སོང་གཏོང་རྒྱུ་ཁས་ལེན་བྱས་ཡོད་འདུག
ཟླ་༩ པའི་ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་སྲིད་འཛིན་འོས་བསྡུ་སླེབས་ལ་ཉེ་བ་དང་བསྟུན། སྲིད་དོན་ཚོགས་པ་སུ་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པ་ངེས་གཏན་མེད་པའི་མངའ་སྡེ་ཁག་ལ། སྲིད་འཛིན་འོས་མི་ཚོས་དམིགས་བསལ་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེ་སྤེལ་གྱི་ཡོད་པ་དང་། དེ་དག་ནང་ནས་གལ་ཆེ་ཤོས་གྲས་ཀྱི་མངའ་སྡེ་ཞིག་ནི་ཧྥེ་ལོ་རི་ཌ་(Florida)ཡིན་པས། དེ་སྔོན་ནིའུ་ཡོག་གི་སྤྱི་ཁྱབ་དཔོན་ཟུར་པ་དང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་གཞི་ཟུར་པ་ཕྱུག་བདག་མེག་བྷེ་ལུམ་བྷེར་གྷ་(Mike Bloomberg) ཡིས། མངའ་སྡེ་དེའི་ནང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་རྒྱལ་ཁ་ཐོབ་ཆེད་དུ། ཉུང་མཐར་ཨ་སྒོར་ས་ཡ་༡༠༠ འགྲོ་སོང་གཏོང་རྒྱུ་ཁས་ལེན་བྱས་ཡོད་པ་རེད་འདུག
ཕྱུག་བདག་ཁོང་ནི་ཨ་སྒོར་ཐེར་འབུམ་༥༠ ལས་མང་བའི་བདག་པོ་ཡིན་འདུག་པ་དང་། དེ་སྔོན་རང་ཉིད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་གཞིར་ལང་སྐབས་སུ་ཨ་སྒོར་ཐེར་འབུམ་༡ ཙམ་འགྲོ་སོང་བཏང་ཡོད་པ་རེད་དེ། གྲུབ་འབྲས་དེ་ཙམ་མ་ཐོན་པས་ཕྱིར་འཐེན་བྱས་ནས། སྲིད་འཛིན་ཊོམ་ལ་རྒྱལ་ཁ་མི་ཐོབ་པའི་ཆེད་དུ་འགྲོ་སོང་ག་ཚོད་གཏོང་དགོས་བྱུང་ན་གཏོང་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་འདུག
ཧྥེ་ལོ་རི་ཌ་མངའ་སྡེར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ་འོས་ཐོབ་ཀྱི་ཨང་གྲངས་༢༩ ཐོབ་ཀྱི་ཡོད་པས། ཤིན་ཏུ་གནད་འགག་ཆེན་པོ་ཡིན་འདུག་པ་དང་། ཕྱི་ལོ་༢༠༡༢ ལོར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་བྷེ་རག་ཨོ་བྷ་མར་མངའ་སྡེ་དེའི་ནང་རྒྱལ་ཁ་ཐོབ་ནས་སྲིད་འཛིན་ཆགས་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊོམ་ལ་མངའ་སྡེ་དེའི་ནང་རྒྱལ་ཁ་ཐོབ་ནས་སྲིད་འཛིན་ཆགས་ཡོད་པ་རེད་འདུག དེ་བཞིན་ད་ལྟའི་ཆར་དྲ་ཐོག་བསམ་ཚུལ་བསྡུ་ལེན་ཁག་ཏུ་སྲིད་འཛིན་འོས་མི་གཉིས་བར་གྱི་རྒྱབ་སྐྱོར་ཧེ་བག་ཆེན་པོ་མེད་འདུག དེ་བཞིན་མངའ་སྡེ་གཞན་ནང་མང་གཙོ་ཚོགས་པའི་ཚོགས་མི་རྣམས་ལ་སྤྱི་ཁྱབ་དཔོན་དང་གྲོས་ཚོགས་གོང་མའི་འོས་བསྡུར་རྒྱལ་ཁ་ཐོབ་ཡོད་ཀྱང་། ཧྥེ་ལོ་རི་ཌ་མངའ་སྡེའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་མིར་རྒྱལ་ཁ་ཐོབ་ཡོད་པ་རེད་འདུག
སྲིད་འཛིན་ཊོམ་གྱིས་གནད་དོན་དེ་དང་འབྲེལ་ནས། མངའ་སྡེ་དེའི་ནང་རྒྱལ་ཁ་ཐོབ་ཆེད་དུ་དྲིལ་བསྒྲགས་ཀྱི་དངུལ་སྒེར་ནས་གཏོང་དགོས་བྱུང་ན་གཏོང་རྒྱུ་ཡིན་སྐོར་བརྗོད་འདུག དེ་བཞིན་ཐེར་འབུམ་བདག་པོ་མེག་བྷེ་ལུམ་བྷེར་གྷ་ལ་ཟུར་ཟ་ཡང་བྱས་འདུག ཊོམ་གྱི་དྲིལ་བསྒྲགས་རུ་ཁག་གིས་མངའ་སྡེ་དེའི་ནང་རྒྱལ་ཁ་ཐོབ་པའི་གདེང་ཚོད་ཡོད་སྐོར་བསྒྲགས་འདུག
ཐེངས་འདིར་ཏོག་དབྱིབས་ནད་དུག་གི་ཛ་དྲག་གནས་སྟངས་རྐྱེན་པས། ཨ་རིའི་འོས་འཕེན་པ་མང་པོ་ཞིག་གིས་འོས་བསྡུ་ཉིན་མོའི་སྔོན་ནས་སྔ་དུས་ཀྱི་འོས་ཤོག་འཕེན་རྒྱུ་ཡིན་འདུག་པ་དང་། མང་པོ་ཞིག་གིས་སྦྲག་ཐོག་ནས་འོས་འཕེན་འཆར་ཡོད་འདུག དེ་ཡང་མང་གཙོ་ཚོགས་པའི་ཚོགས་མི་མང་པོ་ཞིག་གིས་སྦྲག་ཐོག་ནས་འོས་འཕེན་འཆར་ཡོད་འདུག་པ་དང་། སྲིད་འཛིན་ཊོམ་གྱིས་སྦྲག་ཐོག་ནས་འོས་འཕེན་པའི་ལམ་ལུགས་དེར་ཡིད་ཆེས་མེད་པ་དང་གྲུབ་འབྲས་རྫུན་བཟོ་བྱེད་སྲིད་པའི་སྐྱོན་བརྗོད་མང་པོ་བྱས་རྐྱེན། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས་ལམ་ལུགས་དེ་བཀོལ་སྤྱོད་བྱེད་རྒྱུ་ཁག་པོ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།