ཕྱུག་བདག་ཞིག་གིས་མེ་འཁོར་བརྡབ་སྐྱོན་ཁྲོད་ཕ་མ་འདས་གྲོངས་སུ་གྱུར་པའི་བྱིས་པ་དག་ལ་སློབ་ཡོན་སྤྲད་རྒྱུ།

ཉེ་ཆར་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨོ་ཌི་ཤའི་ནང་མེ་འཁོར་བརྡབ་སྐྱོན་ཤོར་ནས་མི་ཤི་དོན་རྐྱེན་ཚབས་ཆེན་བྱུང་ཡོད་པར་བརྟེན། རྒྱ་གར་གྱི་ཕྱུག་བདག་ཆེན་པོ་གྷོ་ཏམ་ཨ་དྰ་ནི་(Gautam Adani)ཡིས་དོན་རྐྱེན་དེའི་ཁྲོད་ཕ་མ་འདས་གྲོངས་སུ་གྱུར་པའི་བྱིས་པ་དག་ལ་སློབ་ཡོན་རོགས་རམ་གནང་རྒྱུ་ཡིན་པར་བརྗོད་འདུག
ཁ་སང་གཟའ་ཉི་མའི་ཉིན་རྒྱ་གར་གྱི་ཕྱུག་བདག་ཆེན་མོ་གྷོ་ཏམ་ཨ་དྰ་ནི་ཡིས་ཁོ་རང་གི་ཊུ་ཝི་ཊར་ཐོག་གསལ་བསྒྲགས་སྤེལ་དོན།ཨོ་ཌི་ཤའི་ནང་གི་མེ་འཁོར་དོན་རྐྱེན་དེས་ང་ཚོར་བློ་འཚབ་ཆེན་པོ་བཟོས་སོང་། ང་ཚོ་ཨ་དྰ་ནི་ཚོགས་པའི་ངོས་ནས་ཐག་བཅོད་བྱུང་དོན་ལ་ཐེངས་འདིའི་མེ་འཁོར་དོན་རྐྱེན་ཁྲོད་ཕ་མ་འདས་གྲོངས་སུ་གྱུར་པའི་ཉམས་ཆུང་བྱིས་པ་དག་གི་སློབ་ཡོན་ཐད་ང་ཚོའི་ཚོགས་པས་འགན་ལེན་བྱེད་རྒྱུ་ཡིན་ཞེས་དང་།
གནོད་འཚེ་ཕོག་མཁན་དང་ཁོང་ཚོའི་ནང་མི་རྣམས་ལ་རྒྱབ་སྐྱོར་དང་། བྱིས་པ་རྣམས་ཀྱི་མ་འོངས་པ་ཡག་པོ་ཞིག་བསྐྲུན་རྒྱུ་ནི་སྤྱི་པའི་འོས་འགན་རེད་ཅེས་བཀོད་འདུག
ཨ་དྰ་ནི་ནི་རྒྱ་གར་ནང་ཕྱུག་ཤོས་ཨང་གཉིས་པ་དང་། ༢༠༢༣ ལོར་ཁོང་འཛམ་གླིང་ཐོག་གི་ཕྱུག་བདག་ཨང་༢༤ པ་དེ་ཡིན་པ་རེད།
ཕྱི་ཚེས་༢ ཉིན་གྱི་དགོང་མོ་ཆུ་ཚོད་བདུན་པ་ཡས་མས་ཙམ་ལ་རྒྱ་གར་ཤར་ཕྱོགས་མངའ་སྡེ་ཨོ་ཌི་ཤའི་ནང་མེ་འཁོར་དོན་རྐྱེན་བྱུང་ནས་ད་ལྟ་བར་མི་༢༧༥ འདས་གྲོངས་སུ་གྱུར་ཡོད་པ་དང། མི་༡༡༧༥ རྨས་སྐྱོན་ཕོག་ཡོད་པ་ཨོ་ཌི་ཤའི་མངའ་སྡེའི་བློན་ཆེན་གྱི་དྲུང་ཡིག་གིས་གསལ་བསྒྲགས་སྤེལ་ཡོད་འདུག
གསར་འགོད་པ་བསོད་ནམས་ཕུན་ཚོགས།
