ཕྱོགས་གཏོཌ་པར་“ནུས་པ་མཉམ་སྤུངས།”
ད་ལྟའི་བཀའ་ཤག་གི་རྩ་འཛིན་འབོད་སྒྲའི་ནང་”ནུས་པ་མཉམ་སྤུངས་”ཞེས་པ་དེར་ཁ་ནས་འགྲེལ་བཤད་ཇི་ལྟར་བརྒྱབ་མིན་ལ་མ་ལྟོས་པར། དོན་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རང་ཉིད་དང་ཁ་ཕྱོགས་མཐུན་པ་རྣམས་ལ་ནུས་པ་མཉམ་སྤུངས་ཐོག་ནས་མ་འོངས་པར་ལམ་ཁ་འཚོལ་རྒྱུ་ལས། གཞིས་བྱེས་གཉིས་ནུས་པ་མཉམ་སྤུངས་ཕར་ཞོག། བཙན་བྱོལ་བོད་མི་ཡོངས་རྫོགས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་སྣེ་ཁྲིད་བྱ་རྒྱུའི་འཆར་གཞི་ཡང་གཏན་ནས་མིན་པ་ལག་ལེན་དངོས་ཀྱི་ཐོག་ནས་གསལ་པོར་གྱུར་སོང་། ཐོག་མར་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་སྲིད་སྐྱོང་དུ་བདམས་ནས་དམ་འབུལ་བྱེད་ལ་ཉེ་སྐབས། ཁྲིམས་ཞིབ་པ་རྣམས་གྲོས་ཚོགས་ནས་འཕོ་འགྱུར་བཏང་བ་དང་འབྲེལ་བའི་ཐོག་སྤྱི་ཚོགས་ནང་གླེང་རྙོག་ཧ་ཅང་ཆེ་བའི་སྐབས་ཤིག་ཡིན་པ་དང་། ཁོང་གིས་གནད་དོན་འདི་གཙང་སེལ་མ་ཆགས་བར་ངས་འགན་ཁུར་ལེན་རྒྱུ་མིན་ཞེས་བརྗོད་དེ། ཁོང་གླེང་རྙོག་དེའི་ནང་འཛུལ་མི་དགོས་པའི་ཐབས་ཤེས་གཏན་ནས་མ་བྱས་པར་ཕྱོགས་གཅིག་ཏུ་མཆོངས་རྐྱང་བྱས་སོང།
ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དྭགས་པོ་བསོད་ནམས་ནོར་བུ་རྒས་ཡོལ་དུ་འགྲོ་སྐབས་བཀའ་ཤག་གིས་ཟློས་གར་ཚོགས་ཁང་ཆེན་མོར་བཀའ་བློན་དང་དྲུང་ཆེ་རྣམ་པ། ས་གནས་ཁག་གི་འགོ་འཛིན་རྣམ་པས་གཙོས་འབྲེལ་ཡོད་མང་པོ་ཞིག་འདུ་འཛོམས་ཐོག་ཕེབས་སྐྱེལ་གསོལ་སྟོན་མཛད་སྒོ་གྲ་རྒྱས་ཤིག་གོ་སྒྲིག་བྱས་ཡོད་པ་ནི། ད་བར་བཙན་བྱོལ་བོད་མིའི་ལམ་སྲོལ་ནང་ཁྲིམས་ཞིབ་པ་ཆེ་བ་ཞིག་རྒས་ཡོལ་དུ་འགྲོ་སྐབས་འཛིན་སྐྱོང་གིས་ཕེབས་སྐྱེལ་གསོལ་སྟོན་གོ་སྒྲིག་དེ་ལྟར་བྱས་པ་ཐོག་མ་དེ་ཆགས་ཡོད། ཐོག་མར་བཀའ་ཤག་གསར་རྙིང་རྩིས་སྤྲོད་ལེན་བྱེད་དུས་ནད་ཡམས་ཁྱབ་བཞིན་པའི་སྐབས་ཡིན་པས། སྲིད་སྐྱོང་བློ་བཟང་སེང་གེས་གཙོས་བཀའ་བློན་རྣམས་ལ་ཕེབས་སྐྱེལ་གསོལ་སྟོན་སྟབས་བདེ་མིན་གྱི་འགྲེལ་བཤད་བརྒྱབ་ན་མ་རེད་ཟེར་ཐབས་མེད་ཀྱང་། དེའི་རྗེས་སུ་ལི་ཐང་ཚོགས་པས་སྲིད་ཟུར་དང་བཀའ་ཟུར་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཛད་སྒོའི་སྐབས་བཀའ་ཟུར་ཕལ་ཆེ་བ་ཕེབས་ནས་ཉིན་མང་བཞུགས་ཀྱང་བཀའ་ཤག་གིས་གསོལ་སྟོན་ཕར་ཞོག་སྣེ་ལེན་ཙམ་ཡང་བྱས་མ་སོང་།
ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་འཛིན་སྐྱོང་གི་དབུ་ཁྲིད་དང་ལས་བྱེད་ཟུར་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཆེད་༧གོང་ས་མཆོག་གི་ཕྱག་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་བརྙན་གནང་བའི་མཛད་སྒོར་སྲིད་ཟུར་བློ་བཟང་སེང་གེ་དང་། བཀའ་ཟུར་ཁག་ཅིག་ཕེབས་ནས་ཉིན་ཤས་བཞུགས་ཀྱང་བཀའ་ཤག་གིས་ཕེབས་སྐྱེལ་གསོལ་སྟོན་ཕར་ཞོག་སྣེ་ལེན་ཙམ་ཡང་བྱས་མ་སོང་། དེ་བཞིན་ཉེ་ཆར་སྲིད་ཟུར་བློ་བཟང་སེང་གེ་བཞུགས་སྒར་དུ་ཕེབས་ནས་༧གོང་ས་མཆོག་མཇལ་ཁ་ཞུས་པ་སོགས་ཉིན་ཤས་བཞུགས་པ་ཡོངས་གྲགས་ཆགས་ཀྱང་། བཀའ་ཤག་གིས་མ་གོ་མ་ཐོས་པ་ལྟ་བུའི་བརྟུལ་ཞུགས་བཟུང་སོང་བས། ༢༠༡༦ ལོའི་འོས་བསྡུ་ཆེན་མོ་དང་། ཁ་མཆུ་ཨང་༢༠ པར་དྲང་བདེན་གྱི་ཐག་གཅོད་མ་བྱུང་བས་སྤྱི་ཚོགས་ནང་དཀའ་ངལ་མང་དག་ཅིག་གཅིག་རྗེས་གཉིས་མཐུད་དུ་བྱུང་ཡོད་ཀྱང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ནུས་པ་མཉམ་སྤུངས་བྱ་རྒྱུ་ཡིན་ཞེས་ཡང་ཡང་བརྗོད་པ་དེ་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ནམ་ཕྱོགས་གཏོགས་པ་ཁོ་ནར་དམིགས་པ་ཞིག་རེད་འདུག
ཉེ་ཆར་ཁྲིམས་ཞིབ་པ་ཟུར་པ་ཀརྨ་དགྲ་འདུལ་རྒས་ཡོལ་དུ་ཕེབས་སྐོར་གསར་འགྱུར་ཞིག་སྤེལ་བའི་ནང་། “ཁྲིམས་མཐུན་བགྲེས་ཡོལ་དུ་ཕེབས་པ་”ཞེས་པ་ཞིག་བཀོད་འདུག་ལ། དོན་དུ་ཁྲིམས་འགལ་གྱིས་བཙན་འཛུལ་བྱས་པ་ཞིག ཁྲིམས་མཐུན་གྱི་བགྲེས་ཡོལ་དུ་ཕེབས་སྟངས་མེད་པ་ཤེས་ཀྱང་། དེ་ཡང་ཕྱོགས་གཏོགས་དང་རྒྱབ་རྩ་ཡིན་པའི་རྣམ་འགྱུར་བསྟན་པ་ཙམ་ཞིག་རེད། ཁོང་ལ་ཡང་ཕེབས་སྐྱེལ་གསོལ་སྟོན་གྲ་རྒྱས་པོ་ཞིག་གྲ་སྒྲིག་བྱེད་མུས་ཡིན་གྱི་རེད། རྩ་བས་འགྲོ་སྟངས་ལྟར་ན་སྲིད་ཟུར་དང་བཀའ་ཟུར་རྣམས་ལ་བཀའ་ཤག་གསར་པས་ཕེབས་སྐྱེལ་གསོལ་སྟོན་གཏན་ནས་མ་ཞུས་པར། ཁྲིམས་ཞིབ་པ་རྗེས་འབྲངས་དང་བཅས་པ་སྔ་རྗེས་སུ་ད་ལྟའི་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པའི་རྒྱུ་མཚན་ཙམ་ལ་བརྟེན་གཞུང་འབྲེལ་གྱིས་ཕེབས་སྐྱེལ་གསོལ་སྟོན་བཤམས་པ་ནི། བཀའ་ཤག་གི་ནུས་པ་མཉམ་སྤུངས་ཀྱི་གོ་དོན་མི་མང་ལ་གསལ་པོ་བསྟན་པ་ཞིག་དང་། མ་འོངས་པར་བཀའ་ཤག་འདིའི་སྐབས་ཁྱོན་ཡོངས་སུ་ནུས་པ་མཉམ་སྤུངས་བྱ་སའི་ཁོར་ཡུག་ཅིག་མེད་པ་གསལ་པོ་རེད།
མདོར་ན་ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བ་དང་། ལས་གནས་ནས་བཤོལ་བ། ལས་གནས་སུ་བསྐྱར་དུ་བཙན་འཛུལ་བྱས་པའི་གནད་དོན་སོགས་གླེང་སློང་མ་བྱས་ཀྱང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༦༣ པའི་ནང་གསེས་༦ པ་“ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དུས་ཡུན་ངེས་ཅན་གུང་གསེང་ཞུ་དགོས་བྱུང་རིགས་ལ་ལས་ཚབ་བཅའ་ཁྲིམས་དོན་ཚན་༦༧ པའི་འོག་གཏན་འབེབས་བྱས་པའི་སྒྲིག་གཞི་ལྟར་བསྐོ་གཞག་བྱ་རྒྱུ།”ཞེས། “ཁྲིམས་ཞིབ་པ་ཆེ་བ་དུས་ཡུན་ངེས་ཅན་གུང་གསེང་”ཞེས། ལས་ཚབ་རྒྱུ་མཚན་གང་ལ་བརྟེན་ནས་བསྐོ་གཞག་དགོས་པ་བཅའ་ཁྲིམས་སུ་གསལ་ཡོད་བཞིན་དུ། རྒས་ཡོལ་དུ་ཕེབས་སྐབས་ཀྱང་ལས་ཚབ་བསྐོ་བཞག་བྱས་པ་བཅའ་ཁྲིམས་དང་དངོས་སུ་འགལ་ཡོད་ཀྱང་། བཀའ་ཤག་གིས་ནུས་པ་མཉམ་སྤུངས་ཐོག་མིག་བཙུམ་ནས་རྒྱབ་སྐྱོར་བྱས་ཡོད། ཁྲིམས་མཐུན་བགྲེས་ཡོལ་ཞེས་ཚིག་ལ་ཚིག་གིས་ལྷན་པ་ཇི་ལྟར་བརྒྱབ་ཀྱང་། ལོ་རྒྱུས་ནང་ཁྲིམས་འགལ་ཡིན་པའི་གནས་སྟངས་ལ་འགྱུར་བ་གཏན་ནས་གཏོང་ཐབས་མེད།།