བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན་ཞེས་པ་དབུ་འབྱེད།

ཟླ་ ༡༢ པའི་ཚེས་༢༤ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་ལམ་རིམ་ཁྲིད་ཆེན་naglha_editorབཅོ་བརྒྱད་ཀྱི་བཀའ་ཁྲིད་གནང་སྐབས་སུ། ནགས་ལྷ་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་གནང་བ་༼༧ གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན།༽ཞེས་པ་མགོན་པོ་གང་ཉིད་ཀྱིས་དཔར་ཕུད་དགྱེས་བཞེས་དང་འབྲེལ་དབུ་འབྱེད་བཀའ་དྲིན་བསྐྱངས་ཡོད་འདུག

དེའི་སྐོར་རྩོམ་སྒྲིག་པ་འབྲི་སྐལ་བཟང་གྱིས་གསུང་དོན། རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་ཆེན་མོ་ཕྱི་ནང་གི་སྐྱེ་བོ་འབུམ་ཕྲག་མང་པོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྲུང་bརྩི་ཞུ་བཞིན་པ་ལྟར། ང་ཚོ་མདོ་ཁམས་ནགས་ཤོད་འབྲི་རུ་བ་རྣམས་ཀྱིས་སྐལ་བཟང་གི་བགོ་སྐལ་བླ་མེད་དུ་མགོན་པོ་གང་ཉིད་ཀྱི་གསང་གསུམ་གྱི་མཛད་འཕྲིན་རྒྱ་མཚོ་ལྟར་མཐའ་ཡས་པ་ལས་སྐུ་གསུང་ཐུགས་ཀྱི་ཆེ་བའི་ཡོན་ཏན་མཚོན་པར་བྱེད་པའི་བསྟོད་ཚོགས་དང་། ཞབས་བརྟན། རྣམ་ཐར། གསོལ་འདེབས་སོགས་ལས་གྲུབ་པའི ༼ ༧ གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན།༽ ཞེས་པའི་ཆེད་དེབ་ཅིག་རྩོམ་སྒྲིག་བགྱིས་པའི་སྒོ་ནས་བཀའ་དྲིན་རྗེས་དྲན་གྱི་གྱ་སྟོན་ཆེན་མོ་སྲུང་བརྩི་ཞུས་པ་ཡིན་ཞེས་སོགས་གསུང་བྱུང་།

ནགས་ལྷ་རྩོམ་སྒྲིག་ཁང་ནི་ཕྱི་ལོ་༢༠༠༩ ལོར་གསར་དུ་བཙུགས་ནས། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བར་མི་རེ་ངོ་རེ་ནས་འགན་ཁུར་དགོས་པར་གསུངས་པའི་བཀའ་སློབ་དང་ལམ་སྟོན་ཟབ་མོ་སྤྱི་བོའི་རྒྱན་དུ་བླངས་ཏེ།

༼ནགས་ལྷའི་སྒྲོན་མེ་༽ཞེས་པའི་དུས་དེབ་འདོན་སྤེལ་ཀྱིས་གཞོན་སྐྱེས་རྣམས་རྩོམ་ཡིག་གི་ལམ་དུ་འཇུག་པར་བསྐུལ་ནས་ད་ལྟ་འདོན་ཐེངས་བདུན་པ་འགྲོ་བཞིན་པ་དང་། ༢༠༡༠ ལོར་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཅེས་པའི་དྲ་རྒྱ་གསར་བཟོ་བྱས་ནས་རིག་གཞུང་འཆད་ཁྲིད་ཀྱི་སྒྲ་འཇུག་དང་རྩོམ་ཡིག་གི་ལམ་ནས་རིག་གཞུང་ལ་སྐུལ་འདེད།

༢༠༡༡ ལོར་རྩོམ་ཡིག་ལ་སྤྲོ་བ་རྒྱས་པ་དང་གནས་ཚད་གོང་མཐོར་སྤེལ་ཆེད་སྙན་རྩོམ་འགྲན་བསྡུར་གྱི་ལས་གཞི་སྤེལ་བ། ༢༠༡༢ ལོ་ནས་བཟུང་ཆོས་དང་རིག་གཞུང་ལ་འཇུག་པར་སྤྲོ་བ་རྒྱས་པ་དང་གོ་རྟོགས་གོང་འཕེལ་ཡོང་བ་བཅས་ལ་དམིགས་ཏེ་སློབ་གྲྭའི་གུང་སེང་སྐབས་བརྡ་སྤྲོད་རིག་པའི་བགྲོ་གླེང་འཚོགས་པ་བཅས་ཀྱི་ལས་གཞི་རྣམས་འགྲོ་བཞིན་པ་ལྟར་ཕན་ཐོགས་ཀྱང་ཆེན་པོ་བྱུང་ཡོད་འདུག།།

གསར་འགོད་པ་ངག་དབང་ཐར་པ།