བཀའ་སྤྱི་གཉིས་ཀྱིས་བོད་དོན་ཞུ་སྐུལ་གནང་བ།

བཀའ་སྤྱི་གཉིས་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་རྒྱལ་ས་ལྡི་ལིར་ཉིན་གསུམ་གྱི་རིང་གཞུང་ཚབ་ཁང་མི་འདྲ་བ་ཁག་༡༧ ལ་བོད་དོན་ཞུ་སྐུལ་གནང་ཡོད་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༦ པའི་ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་གྱི་རིང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་། དེ་བཞིན་ཕྱི་དྲིལ་བཀའ་བློན་གཙོས་པའི་སྤྱི་འཐུས་རྒྱུན་ལས་དང་ཕྱི་དྲིལ་དྲུང་ཆེ་བཅས་ཀྱིས་གྲུབ་པའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་དོན་ཞུ་སྐུལ་ཆེད་ལྡི་ལིར་ཕེབས་ཡོད་པ་དང་།

ཐེངས་འདིར་ཚོགས་ཆུང་དེ་སྡེ་ཚན་གསུམ་དུ་བགོས་ཏེ་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་། དེ་བཞིན་ཕྱི་དྲིལ་བཀའ་བློན་བཅས་ཀྱིས་སྡེ་ཚན་རེ་རེའི་སྣེ་ཁྲིད་གནང་ཞིང་། ལྡི་ལིར་ཡོད་པའི་ཨ་རིས་གཙོས་པའི་རྒྱལ་ཁབ་མི་འདྲ་བ་༡༧ གྱི་གཞུང་ཚབ་ཁང་དུ་བཅར་ཏེ། གཞུང་ཚབ་པ་ཆེན་མོ་སོགས་གལ་ཆེའི་མི་སྣ་མང་པོ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག་པ་དང་། དེ་བཞིན་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་ཀྱི་གནད་དོན་ཐོག་བཀའ་བསྡུར་གནང་ཡོད་འདུག
ད་ཐེངས་ཞུ་སྐུལ་དེ་ནི་༢༠༢༢ ལོར་གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་གནད་དོན་ཐོག་གདུང་སེམས་མཉམ་བསྐྱེད་དང་བོད་དོན་བདེན་མཐའ་སེལ་ཐབས་སོགས་ཀྱི་ཆེད་དུ། རྒྱལ་སྤྱིའི་ནང་བཀའ་སྤྱི་གཉིས་མཉམ་དུ་ལས་འགུལ་སྤེལ་དགོས་པའི་གྲོས་ཆོད་བཞག་པ་གཞིར་བཟུང་གིས་ཉེ་ཆར་བཀའ་སྤྱི་གཉིས་གྲོས་བསྡུར་གནང་ནས་འགོ་བཙུགས་པ་ཞིག་ཡིན་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།
