བཅིངས་གྲོལ་དམག་གི་དམག་དཔོན་དགུ་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་མེད་པ་བཟོས་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱ་གཞུང་གི་དམག་སྤྱི་མཐོ་ཤོས་གཉིས་དང་། གཞན་དམག་དཔོན་དགུ་བཅས་ལྐོག་ཟ་རུལ་སུངས་དང་ཏང་གི་སྒྲིག་ཁྲིམས་འགལ་བའི་ཉེས་མིང་འོག་ཞིབ་བཤེར་དང་གོ་གནས་ནས་ཕྱིར་འབུད་བཏང་ཟིན་ཡོད་འདུག

ཕྱི་ཚེས་༡༧ ཉིན་ལྷོ་རྒྱ་ནག་ཞོགས་པའི་ཆ་འཕྲིན་གཙོས་པའི་རྒྱལ་སྤྱིའི་གསར་ཁང་མང་པོ་ཞིག་ནས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་བཅིངས་གྲོལ་དམག་གི་དམག་སྤྱི་མཐོ་ཤོས་གཉིས་པ་འམ་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་གཞོན་པ་དང་། དབུས་དམར་ཤོག་ཚོགས་མི་༢༤ ཁོངས་ཀྱི་ཚོགས་མི་(He Weidong) ཟེར་བ་དེ་ཏང་ནས་གནས་དབྱུང་བཏང་ཡོད་འདུག དམག་དཔོན་དེ་ནི་རྒྱ་ནག་གི་སྲིད་འཛིན་རྗེས་ཀྱི་གོ་གནས་མཐོ་ཤོས་དེ་ཡིན་འདུག བརྒྱུད་ལམ་གཞན་ནས་གནས་ཚུལ་སྤེལ་བའི་ནང་། དམག་དཔོན་དེ་འདི་ལོ་ཕྱི་ཟླ་༣ པའི་ནང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ཅིང་། ཉེ་ཆར་ཚེས་༡༧ ཉིན་དམག་སྤྱི་དེ་གོ་གནས་ནས་ཕུད་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་འདུག དམག་སྤྱི་དེ་དབུས་དམག་དོན་ལྷན་ཁང་གི་ལས་ཐོག་དམག་སྤྱི་ཞིག་ལ་དཀའ་ངལ་འཕྲད་པ་དང་པོ་ཡིན་འདུག་ལ། ཕྱི་ལོ་༢༠༢༢ ནས་དབུས་དམག་དོན་ལྷན་ཁང་གི་ཚོགས་མི་ཞིག་ལ་ཉེས་ཆད་ཕོག་མཁན་མི་གསུམ་པ་དེ་ཡིན་འདུག ཉེ་ཆར་དམག་སྤྱི་དགུ་ཕྱིར་འབུད་བཏང་བའི་གནད་དོན་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༤ པ་དེ་མ་འཚོགས་ཉིན་གསུམ་གྱི་སྔོན་དུ་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་ཡོད་འདུག རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་དེ་ཟླ་བ་འདིའི་ཚེས་༢༠ ནས་༢༣ བར་ཉིན་གསུམ་རིང་འཚོགས་འཆར་ཡོད་འདུག ཚོགས་འདུ་དེའི་སྐབས་སུ་རྒྱ་ནག་གི་ལོ་ལྔ་ཚན་རེ་རེའི་ལས་དོན་གལ་ཆེན་རྣམས་གཏན་འབེབས་དང་། འགོ་ཁྲིད་གསར་པ་བསྐོ་བཞག་སོགས་ཀྱི་གནད་འགག་ཆེ་བའི་ལས་དོན་མང་པོ་ཞིག་ཐག་གཅོད་བྱེད་ཀྱི་ཡོད་འདུག
ཐེངས་དེར་ཕྱིར་འབུད་བཏང་བའི་དམག་སྤྱི་མཐོ་ཤོས་གྲས་གཉིས་པ་དེ་ཕྱི་ལོ་༢༠༢༡ ནས་༢༠༢༤ བར་རྒྱ་ནག་གི་ལྷོ་རྒྱུད་དམག་དོན་ཁང་གི་དམག་སྤྱི་ཟུར་པ་དང་། དབུས་དམག་དོན་ལྷན་ཁང་གི་ཨུ་ཡོན་དང་ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་(Miao Hua) ཟེར་བ་དེ་ཡིན་འདུག དེ་རྗེས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་སྡེ་ཚན་གྱི་དེ་སྔོན་རྒྱུན་ལས་འགན་འཛིན་གཞོན་པ་(He Hongjun) དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་མཉམ་འབྲེལ་དམག་འཐབ་བཀོད་འདོམ་ལྟེ་གནས་ཀྱི་དེ་སྔོན་རྒྱུན་ལས་འགན་འཛིན་གཞོན་(Wang Xiubin) ། ཤར་ཕྱོགས་དམག་ཁུལ་ཁང་གི་དེ་སྔོན་དམག་སྤྱི་(Lin Xiangyang) ། སྐམ་དམག་གི་དེ་སྔོན་ཆབ་སྲིད་དཔོན་རིགས་(Qin Shutong) ། མཚོ་དམག་གི་དེ་སྔོན་ཆབ་སྲིད་དཔོན་རིགས་(Yuan Huazhi) ། མེ་ཤུགས་འཕུར་མདེལ་དམག་དཔུང་གི་དེ་སྔོན་དམག་སྤྱི་(Wang Houbin) ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དེ་སྔོན་དམག་སྤྱི་(Wang Chuning) བཅས་དམག་དཔོན་དགུ་གོ་གནས་ནས་ཕྱིར་འབུད་བཏང་འདུག བཅིངས་གྲོལ་དམག་གི་དམག་སྤྱི་དེ་དག་གིས། དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ལ་སྒྲིག་འགལ་ཚབས་ཆེན་བྱས་པ་དང་། གོ་གནས་ལ་བརྟེན་ནས་ཁྲིམས་འགལ་གྱིས་དངུལ་འབོར་ཆེན་ལྐོག་ཟ་བྱས་པའི་དོགས་གཞི་ཡོད་པ་མ་ཟད། ཁོ་ཚོའི་གྱོད་དོན་ཧ་ཅང་ཚབས་ཆེན་དང་ཉེན་ཁ་ཆེ་བའི་མཇུག་འབྲས་འབྱུང་སྲིད་པས། ད་ལྟ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཟེར་བས་དམག་སྤྱི་དེ་དག་ལ་ཞིབ་བཤེར་བྱེད་བཞིན་པ་ཡིན་པ་བརྗོད་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།