བདག་དབང་གི་འཐབ་རྩོད་མ་རེད།
(བོད་ཀྱི་བང་ཆེན་ཚགས་པར་སྤྱིའི་འདོན་ཐེངས་༧༩༥)
ད་ལྟའི་རྒྱ་དམར་གཞུང་ནི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དག་ལས་སྟོབས་ཤུགས་ཆེ་ཤོས་ཀྱི་གྲས་དང་། གདུག་རྩུབ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཨ་རི་དང་། ཡུ་རོབ་རྒྱལ་ཁབ་ཁག་གིས་གཙོས་རྒྱ་ནག་སྔོན་ཐོན་ཅན་དུ་བསྒྱུར་བར་རོགས་རམ་བྱེད་མཁན་གྱི་རྒྱལ་ཁབ་ཕལ་མོ་ཆེས་ད་ལྟའི་ཆར་རྒྱ་ནག་ནི་གདུག་རྩུབ་ཅན་གྱི་ཁ་གཏད་ཅིག་ཏུ་ངོས་འཛིན་བྱེད་བཞིན་འདུག། དེ་ནི་བོད་པའི་ཁ་རྒྱུན་དུ་‘ར་རང་སྤུ་བྲེག་པའི་འུར་རྡོ་དེ། དུས་མཐའ་མ་རང་མགོ་གཅོག་བྱེད་རེད།’ཅེས་པ་ལྟ་བུར་གྱུར་ཡོད། འོན་ཀྱང་འདས་པའི་ལོ་རྒྱུས་ནང་ངོས་འཛིན་དང་ཚོད་དཔག་ཏག་ཏག་ཅིག་ཐུབ་མེད་ཀྱང་། མ་འོངས་པར་སྔོན་གྱི་ལམ་ནོར་དེར་མ་བསྐྱོད་ན་རྒྱ་ནག་གི་ནུས་ཤུགས་ལ་ཚོད་འཛིན་དང་ཁ་གཏད་གཅོག་རྒྱུའི་ནུས་པ་ཡོད་པ་ནི་སྨྲོས་མི་དགོས་པས། ཨ་རི་དང་ཡུ་རོབ་སོགས་ཀྱིས་རྒྱ་ནག་ལ་དོགས་ཟོན་དང་། ཁ་གཏད་ཀྱི་ལས་འཆར་མང་དག་ཅིག་བསྒྲིགས་ན་མི་གཅིག་དབང་འཛིན་རུལ་སུངས་ཅན་གྱི་ཆབ་སྲིད་ལམ་ལུགས་དེར་འགྱུར་བ་གཏོང་རྒྱུའི་ནུས་པ་ཡོད།
བོད་དོན་འཐབ་རྩོད་ཀྱི་གནད་དོན་ཐོག་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་སྔ་རྗེས་དང་། དེའི་རྗེས་འབྲངས་པ་དག་གིས་བོད་མི་ས་ཡ་དྲུག་བདུན་ཞིག་ལ་རྒྱ་མི་ས་ཡ་ཆིག་སྟོང་བཞི་བརྒྱར་ཁ་གཏད་གཅོག་རྒྱུའི་ནུས་པ་མེད་པ་མ་ཟད། རྒྱལ་སྤྱིའི་སྟེང་ནས་བོད་རང་བཙན་སླར་གསོ་ལ་རྒྱབ་སྐྱོར་མེད་ཚུལ་ནན་བརྗོད་བྱེད་མཁན་ཧ་ཅང་མང་པོ་ཡོད། ཕྱོགས་གཅིག་ནས་མི་མང་ཉུང་དང་། དམག་དོན། དཔལ་འབྱོར་གྱི་ནུས་ཤུགས་སོགས་ཀྱིས་ཁ་གཏད་གཅོག་མི་ཐུབ་པ་སྨྲོས་མེད་ཡིན་ཡང་། བདེན་དོན་གཞི་རྩར་བཟུང་བའི་ཐོག་ནས་བོད་རྒྱལ་ཁབ་ཀྱི་བདག་དབང་འཐབ་རྩོད་ཀྱི་བསམ་བློ་དེ་བློས་མ་བཏང་ན་དེའང་ནུས་པ་ཆེན་པོ་ཞིག་གྱུར་ཡོད། རྒྱ་གཞུང་གིས་བོད་དོན་འཐབ་རྩོད་རྩ་མེད་གཏོང་ཆེད་མི་རྒྱུ་གཉིས་ཐད་ནས་འགྲོ་སོང་ཕོན་ཆེ་གཏོང་གི་ཡོད་ཀྱང་། དེ་ནི་ཕྱིའི་རྣམ་པ་ཙམ་ལས་ནང་གི་སེམས་ཤུགས་རྩ་མེད་གཏོང་མི་ཐུབ་པ། ཕྱི་ལོ་༢༠༠༩ ལོ་ནས་ད་བར་བོད་ནང་ནས་བོད་མི་གྲངས་༡༥༨ ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེས་ར་སྤྲོད་བྱེད་ཐུབ།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་འོག་དམར་ཤོག་གི་ད་ལྟའི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་གང་ཡང་མི་དགོས་པར། བོད་མི་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་ཁ་གཡང་ཙམ་ཡོད་པ་དེ་གཅིག་གྱུར་ཞིག་བྱུང་ན་འགྲིགས་པ་དང་། ཁ་བྲལ་གྱི་རྣམ་པའི་ཐོག་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་མི་འོས་པའི་སློབ་གསོ་དང་དྲིལ་བསྒྲགས་བྱས་ནས། བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་བསམ་བློའི་ནུས་པ་དེ་ཉམས་ཆག་ཧ་ཅང་ཆེན་པོར་གྱུར་ཟིན་ལ། དེ་ནི་རྒྱ་དམར་གཞུང་གིས་ཁ་ཐུག་སྤེལ་བའི་ལས་འགུལ་ཁག་ལས་ཀྱང་ནུས་པ་ལྡབ་མང་པོས་ཆེ་བ་ཐོན་བཞིན་ཡོད། མ་འོངས་པར་བོད་མི་རྣམས་ཀྱི་ནང་བསམ་བློའི་ཐོག་ནས་བོད་དོན་འཐབ་རྩོད་དང་རྒྱ་གཞུང་ལ་འཁོན་འཛིན་གྱི་བསམ་བློ་དེ་རྩ་མེད་དུ་གྱུར་སོང་ན་བོད་དོན་འཐབ་རྩོད་ཀྱི་ནུས་པ་སླར་གསོ་ཡོང་ཐབས་གཏན་ནས་མེད། དེ་བས་རྒྱ་གཞུང་ལ་དོན་དམ་པའི་འཐབ་རྩོད་ནུས་པ་ལྡན་པ་ཞིག་བྱས་ན། ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་ནས་དོ་སྣང་དང་རྒྱབ་སྐྱོར་ཚད་ངེས་ཅན་ཞིག་མི་བྱེད་ཀ་མེད་རེད།
ཕྱོགས་གཅིག་ནས་བོད་མིའི་སྒྲིག་འཛུགས་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་། ཆོས་དད་རང་དབང་མེད་པ། བོད་པའི་ཆོས་དང་རིག་གནས་རྩ་མེད་གཏོང་བཞིན་ཡོད་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་གི་ཡོད་པ་སོགས་བརྗོད་ནས་རྒྱ་གཞུང་ལ་སྐྱོན་འཛུགས་ཀྱི་རྣམ་པ་སྟོན་བཞིན་ཡོད་ཀྱང་། དོན་དངོས་སུ་དེ་དག་ཚང་མ་རྒྱལ་ཁབ་ནང་ཁུལ་གྱི་འཐབ་རྩོད་ཙམ་ལས། བདག་དབང་དང་འབྲེལ་བའི་འཐབ་རྩོད་ཅིག་མ་རེད། རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུའང་གོང་གསལ་གནད་དོན་ཁག་གི་སྐོར་ལ་འཐབ་རྩོད་བྱེད་མཁན་མང་པོ་ཡོད་པ་ནི་ཚང་མས་མཐོང་བཞིན་པའི་གནས་ཚུལ་འབའ་ཞིག་རེད། དེར་བརྟེན་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་གནད་དོན་མ་བརྩད་པའི་རྗེས་ནས། བོད་མི་རིགས་ཀྱི་རང་དབང་དང་དཔལ་ཡོན་རྒྱུན་འཛིན་ཐུབ་པའི་ནུས་པ་གང་ཡང་མེད་པས། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་གནས་སྟངས་ནི་རྒྱ་ནག་ནང་ཁུལ་གྱི་འཐབ་རྩོད་ཙམ་དུ་འགྱུར་ངེས་རེད།
མདོར་ན་བཙན་བྱོལ་གཞུང་གིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་ནི། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཤིག་དགོས་པ་དེ་ཡིན། འོན་ཀྱང་རྒྱ་ནག་གི་རྩ་ཁྲིམས་དེ་རྟག་བརྟན་འགྱུར་མེད་ཅིག་མིན་པ་མ་ཟད། དཔེར་ན་མི་རིགས་ཀྱི་ཐོབ་ཐང་སྐོར་ཕྱིར་བསྡུ་དགོས་པ་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཤིག་གིས་བསམ་ཚུལ་གྱི་ངོ་བོའི་ཐོག་ནས་ཡོངས་ཁྱབ་ཀྱིས་སྤེལ་ཟིན་པས། ད་ལྟའི་ཆར་ཞིས་ཅིན་ཕིང་གིས་མཛུབ་མོས་གར་བསྟན་ཤར་ཡིན་པས། ཆུ་ཚོད་ཁ་ཤས་རིང་རྒྱ་ནག་གི་རྩ་ཁྲིམས་སུ་མི་རིགས་ཀྱི་ཐོབ་ཐང་དང་རང་སྐྱོང་སྐོར་འཁོད་པ་ཕྱིར་བསྡུ་བྱེད་ངེས་རེད། མང་གཙོ་དང་རང་དབང་ཆ་ཚང་ཡོད་པའི་རྒྱལ་ཁབ་རྒྱ་གར་གྱིས་ཇ་མུ་དང་ཀ་ཤི་སྨིར་གྱི་རང་སྐྱོང་གི་གནས་བབས་དེ་དུས་ཡུན་ཆུ་ཚོད་ཁ་ཤས་རིང་ཕྱིར་བསྡུ་བྱས་ཡོད་པས། རྒྱ་གཞུང་ལྟ་བུ་མི་གཅིག་དབང་འཛིན་གྱི་དམར་ཤོག་ལམ་ལུགས་ནང་རྩ་ཁྲིམས་ནི་དཔོན་པོ་རྣམས་ཀྱི་ལག་པ་འཕྱི་ས་ཙམ་ལས་དོན་དམ་པའི་གཞི་འཛིན་ས་ཞིག་གཏན་ནས་མིན།།