བདུན་གཉིས་རིང་དམག་མཚམས་བཞག་ནས་མཚོ་ལམ་འགག་སྒོ་ཕྱེ་རྒྱུའི་གྲོས་མཐུན་བྱུང་འདུག


ཨ་རི་དང་ཨི་རན་གཉིས་བར་བདུན་ཕྲག་མང་པོ་རིང་དམག་འཁྲུག་བརྒྱབ་ནས་ཕྱོགས་གཉིས་ཀར་གྱོང་གུད་ཆེན་པོ་ཕོག་ཡོད་པ་དང་། དེ་བཞིན་འཛམ་གླིང་ཤར་ནུབ་གང་སར་སྣུམ་དང་རླངས་རྫས་སོགས་ཀྱི་རིན་གོང་འཕར་ནས་མི་མང་ས་ཡ་མང་པོར་དམག་འཁྲུག་དེའི་རྐྱེན་པས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཉེ་ཆར་ཨ་རིའི་སྲིད་འཛིན་གྱིས་ཁ་སང་གཟའ་མིག་དམར་ཉིན་མཚོ་ལམ་འགག་སྒོ་ཕྱེ་རྒྱུའི་གྲོས་མཐུན་མ་བྱུང་ཚེ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གཏོར་རྒོལ་ཞིག་བྱེད་རྒྱུ་ཡིན་པའི་ཉེན་བརྡ་དྲག་པོ་བཏང་རྗེས། ཁ་སང་མཚན་མོར་པ་ཀི་སི་ཐན་གྱིས་བར་འདུམ་བྱས་ནས་ཨ་རི་དང་ཨི་རན་གཉིས་བར་གྱི་དམག་འཁྲུག་བདུན་གཉིས་རིང་མཚམས་འཇོག་བྱེད་རྒྱུ་དང་། མཚོ་ལམ་འགག་སྒོ་དེ་སྒོ་ཕྱེ་རྒྱུ་ཡིན་པ་བརྗོད་འདུག

པར། བྷི་བྷི་སི།

ཕྱི་ལོ་༢༠༢༦ ཟླ་༤ ཚེས་༨ ཉིན་བྷི་བྷི་སི་གསར་ཁང་དང་གཞན་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་ཚོས་གནས་ཚུལ་སྤེལ་དོན་ལ། ཉེ་ཆར་ཨ་རིའི་སྲིད་འཛིན་གྱིས་ཁ་སང་གཟའ་མིག་དམར་ཉིན་གྱི་དགོང་མོ་མཚན་གྱི་ཆུ་ཚོད་༢༠ སྔོན་མཚོ་ལམ་འགག་སྒོ་ (Strait of Hormuz) ཞེས་པ་དེ་སྒོ་ཕྱེ་རྒྱུའི་གྲོས་མོལ་མ་བྱུང་ཚེ་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གཏོར་རྒོལ་ཞིག་གཏོང་རྒྱུ་དང་། ཨི་རན་གྱི་ཟམ་པ་དང་། གཞུང་ལམ། ནུས་ཤུགས་ཐོན་ཁུངས་ཀྱི་ལྟེ་གནས་སོགས་འཛུགས་སྐྲུན་ཡོངས་རྫོགས་གཏོར་རྒྱུའི་ཉེན་བརྡ་དྲག་པོ་བཏང་རྗེས། ཨི་རན་གྱི་མི་མང་ས་ཡ་མང་པོའི་ཨི་རན་གྱི་ཟམ་པ་དང་། གཞུང་ལ། ནུས་ཤུགས་ཐོན་ཁུངས་སོགས་ཀྱི་ས་ཁུལ་ལ་འཛོམས་ནས་འགོག་སྲུང་བྱེད་ཀྱི་ཡོད་པ་དང་། ཨི་རན་མི་མང་ཚོས་ང་ཚོ་ཡང་མཉམ་དུ་གཏོར་རོགས་ཞེས་འབོད་ནས་ཨ་རི་ལ་ཁ་གཏད་ནན་ཏན་བཅག་འདུག གལ་སྲིད་ཨི་རན་གྱིས་མཚོ་འགག་དེ་སྒོ་ཕྱེ་རྒྱུའི་གྲོས་མཐུན་མ་བྱུང་ཚེ་དམག་འཁྲུག་དེ་སྔར་ལས་དུས་ཡུན་རིང་དུ་འགྲོ་སྲིད་པའི་ཉེན་ཁ་ཆེན་པོ་མཐོང་ནས་རྒྱལ་སྤྱི་ཁྱོན་ཡོངས་དངངས་ཚབས་ཆེན་པོ་བྱུང་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་ཁ་སང་མཚན་མོར་པ་ཀི་སི་ཐན་གྱིས་བར་འདུམ་བྱས་ནས་ཨ་རི་དང་ཨི་རན་གཉིས་བར་གྱི་དམག་འཁྲུག་བདུན་གཉིས་རིང་མཚམས་འཇོག་བྱེད་རྒྱུ་དང་། མཚོ་ལམ་འགག་སྒོ་དེ་སྒོ་ཕྱེ་རྒྱུ་ཡིན་ཞེས་བརྗོད་འདུག དེ་རྗེས་ཁ་སང་མཚན་མོ་ཨ་རིའི་ནང་གི་ཆུ་ཚོད་༡༨ སྐར་མ་༣༢ ཐོག་ཨ་རིའི་སྲིད་འཛིན་ཊོམ་ཁོང་སྒེར་གྱི་སྤྱི་ཚོགས་དྲྭ་རྒྱའི་སྟེང་གནས་ཚུལ་བཀོད་དོན་ལ། ཨ་རི་དང་ཨི་རན་གཉིས་བར་དམག་འཁྲུག་མཚམས་འཇོག་དེ་བདུན་གཉིས་རིང་བྱེད་རྒྱུ་གྲོས་མཐུན་བྱུང་ཡོད་སྐོར་དང་། ཨི་རན་ངོས་ནས་ (Strait of Hormuz) ཞེས་པའི་མཚོ་ལམ་གྱི་ཉེ་འཁོར་ལ་གཏོར་རྒོལ་རིགས་མི་བྱེད་རྒྱུ་དང་། མཚོ་ལམ་འགག་སྒོ་དེའི་སྒོ་ཕྱེས་ནས་ཚོང་ཟོག་སྐྱེལ་འདྲེན་བྱེད་མཁན་གྱི་གྲུ་གཟིངས་རྣམས་ཕར་འགྲོ་ཚུར་འོང་བྱེད་འཇུག་རྒྱུ་སོགས་ཀྱི་གནད་དོན་འགའ་ཤས་ཁས་ལེན་བྱས་ཡོད་འདུག དེ་རིང་ནས་ཨ་རི་དང་ཨི་རན་གཉིས་བར་མ་འོངས་བདུན་ཕྲག་གཉིས་ཀྱི་རྗེས་ནས་གཏན་དུ་དམག་འཁྲུག་མཚམས་འཇོག་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་འདུག་ལ། གོང་གསལ་གྱི་གནས་ཚུལ་དེ་དག་ཕྱིར་བསྒྲགས་བྱས་རྗེས་རྒྱལ་སྤྱིའི་ཁྲོམ་ར་དང་རྒྱལ་ཁབ་སོ་སོའི་ནང་སྣུམ་དང་མ་རྐང་གོང་ཚད་དེ་སྔར་ལས་ཅུང་ཟད་ཆུང་དུ་ཆགས་འགོ་བཙུགས་ཡོད་འདུག དེ་བཞིན་མཚོ་འགག་ཉེ་འཁོར་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་གྱི་གྲུ་གཟིངས་མང་པོ་ཞིག་བཀག་ཡོད་པ་དག་བདུན་གཉིས་རིང་འགྲོ་བསྐྱོད་ཐུབ་ནས་རྒྱལ་ཁབ་སོ་སོ་ནང་གནས་སྟངས་ཡག་ཏུ་ཅུང་ཙམ་འགྲོ་སྲིད་པའི་སྲིད་དོན་དཔྱད་བརྗོད་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་འདུག


ཨ་རི་དང་ཨི་སི་རེལ། ཨི་རན་གསུམ་གྱི་དམག་འཁྲུག་ལ་བརྟེན་ནས་གོ་ལ་ཁྱོན་ཡོངས་ཀྱི་རྒྱལ་ཁབ་མང་ཆེ་བའི་ནང་སྣུམ་དང་རླངས་རྫས་སོགས་མི་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག་ཅིང་། ཨེ་ཤི་ཡ་ནས་ནུབ་ཕྱོགས་རྒྱལ་ཁབ་ལ་བསྐྱོད་པའི་གནམ་གྲུའི་འཛིན་ཤོག་གི་གོང་ཚད་ཧ་ཅང་འཕར་བ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། ཐེངས་འདིའི་བདུན་གཉིས་རིང་གི་དམག་མཚམས་འཇོག་རྒྱུ་དེས་དཀྱིལ་ཤར་ཡུལ་གྲུ་ཁག་ནང་རྒྱག་བཞིན་པའི་དམག་འཁྲུག་དེ་གཏན་དུ་ཞི་འཇམ་ཡོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག
ཨ་རིའི་མང་གཙོ་སྲིད་དོན་ཚོགས་པས་སྲིད་འཛིན་ཊོམ་གྱིས་དབང་ཆ་ལོག་སྤྱོད་བྱེད་བཞིན་ཡོད་ཚུལ་བརྗོད་པ་དང་། ཨི་རན་ནང་དམག་འཁྲུག་ལ་ངོ་རྒོལ་ཆེན་པོ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།