བདུན་ཕྲག་གཅིག་ནང་བོད་མི་༢༣༢ ལ་ཏོག་ནད་གསར་དུ་ཕོག་ཡོད་འདུག 

རྒྱ་གར་དང་རྒྱལ་ཁབ་མང་པོ་ཞིག་ནང་ཏོག་དབྱིབས་ནད་དུག་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཁར། ནད་རླབས་གསུམ་པའི་འཇིགས་སྣང་མངོན་སུམ་འབྱུང་སྲིད་པའི་སྐབས་དེར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ཡང་ཏོག་དབྱིབས་ནད་དུག་གི་ཁ་གྲངས་བདུན་ཕྲག་སྔོན་མ་དང་བསྡུར་ན་མང་དུ་ཕྱིན་འདུག 

ཟླ་༨ པའི་ཚེས་༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༧༡ པ་དེ་སྤེལ་ཡོད་པ་རེད།

ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་༡༣ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་༦ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་༡༩ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་༨༨༠ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༧༥ བཅས་ཁྱོན་བསྡོམས་བོད་མི་གྲངས་༡༦༣༠ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་རེེད།

ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་༤༡༦༡༨ ལ་རིན་མེད་བགོ་འགྲེམས་གནང་ཡོད་པ་དང། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་༡༠༨ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་༡༧ དང་བལ་ཡུལ་ནང་གི་ས་གནས་༣ བཅས་ཀྱི་བོད་མི་གྲངས་༡༢༠༡ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད།

དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་གྲངས་༢༡༠༠༧ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་། མི་གྲངས་༢༨༧༢༦ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་གཉིས་པ་གཉིས་ཀར་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་སྔོན་འགོག་སྨན་ཁབ་(Covishield) རིམ་པ་དང་པོ་ཐོབ་ཟིན་པ་མི་གྲངས་༨༣༡ བྱུང་འདུག་པ་དང་། ཇོན་སན་དང་ཇོན་སན་ (Johnson & Johnson) ཞེས་པའི་སྔོན་འགོག་སྨན་ཁབ་ཐོབ་པ་མི་གྲངས་༢༠༣༩ ལ་ཐོབ་འདུག

འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༢༣༢ བྱུང་ཡོད་པ་ལས་སྐྱེས་པ་གྲངས་༡༤༩ དང་། བུད་མེད་གྲངས་༨༣ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་༩༢ དང་ཆུང་ཤོས་དེ་བྱིས་པ་མ་འབྱར་ཟླ་བ་༡  ཡིན། མི་གྲངས་༢ འདས་གྲོངས་སུ་གྱུར་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་༥༩༤༨ དང་། དྲག་སྐྱེད་བྱུང་བ་མི་གྲངས་༥༣༥༤ ། འདས་གྲོངས་སུ་གྱུར་བ་མི་གྲངས་༡༤༠། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་༤༥༤ ཡོད།

མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། འདས་པའི་ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཤུགས་ཆེ་ཕྱིན་ཡོད་པ་མ་ཟད། ད་ལྟའི་ཆར་ཨ་རི་ནི་ནད་གཞི་ཕོག་མཁན་ཚད་མཐོ་ཤོས་དང་། གཉིས་པ་དེ་རྒྱ་གར་ཆགས་ཀྱི་འདུག རྒྱ་གར་ནང་འདས་པའི་ཆུ་ཚོད་༢༤ ནང་ནད་གཞི་གསར་པ་ཕོག་མཁན་མི་གྲངས་༤༢༩༨༢ དང་། ཉིན་རེར་ནད་གཞི་གསར་པ་ཕོག་མཁན་མི་གྲངས་སྟོང་ཕྲག་༣༠་་་༤༠ ཡས་མས་ཆགས་ཀྱི་འདུག ད་ལྟའི་ཆར་རྒྱ་གར་ནང་གི་མངའ་སྡེ་ཀེ་རལ་དང་། མཧཱ་རཱཥཊྲ། ཧི་མཱ་ཅལ། ཇམ་མུ་དང་། ཀཤ་མཱིར། པུ་ཌུ་ཅེ་རཱི། མི་ཛོ་རམ་སོགས་སུ་ནད་གཞི་གསར་པ་ཕོག་མཁན་གྱི་གྲངས་ཚད་མཐོ་རུ་འགྲོ་བཞིན་འདུག ཅེས་སོགས་གསུངས།

རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན། སྤྱིར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་བཟང་པོ་ལྟ་བུ་འདུག་ཀྱང་མངའ་སྡེ་ཁག་གཅིག་གི་ནང་དུ་དུང་ཡིན་ནའང་གནས་སྟངས་ལྗིད་པོ་ཆགས་ཡོད་འདུག ཧི་མཱ་ཅལ་མངའ་སྡེ་ལྟ་བུར་ཆ་མཚོན་ན་ཕྱི་ཚེས་༤ ཉིན་ནད་གཞི་གསར་པ་ཕོག་མཁན་མི་གྲངས་༤༣ དང་། འདས་གྲོངས་སུ་གྱུར་པ་མི་གྲངས་༤ བྱུང་སྟབས། ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་ལྗིད་དུ་འགྲོ་བཞིན་ཡོད་པར་བརྟེན་ཧི་མཱ་ཅལ་མངའ་སྡེའི་ནང་ཕྱི་ནས་ཡོང་མཁན་ཚོར་ཆུ་ཚོད་༧༢ ནང་ཚུད་བརྟག་དཔྱད་བྱས་པའི་ཏོག་དབྱིབས་ནད་རྟགས་མེད་པའི་ངོས་སྦྱོར་ངེས་པར་དུ་དགོས་འདུག ཧི་མཱ་ཅལ་ནང་ཁུལ་ལ་འགྲུལ་བཞུད་བྱེད་མཁན་ཚོར་ངོས་སྦྱོར་འདི་རིགས་དགོས་ཀྱི་མི་འདུག བཀོད་ཁྱབ་འདི་ཉིད་ད་ལྟའི་ཆར་ཡུལ་སྐོར་སྤྲོ་འཆམ་པ་ཁོ་ནར་རེད་འདུག

དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཁག་ཀརནཱ་ཊཀ་མངའ་སྡེའི་ནང་ཆགས་ཡོད་སྟབས། ཀརནཱ་ཊཀ་མངའ་སྡེའི་ནང་ནད་གཞི་གསར་པ་ཕོག་མཁན་མི་གྲངས་༡༧༦༩ དང་མི་གྲངས་༣༠ འདས་གྲོངས་སུ་གྱུར་ཡོད། ཅེས་སོགས་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།