བདེ་སྲུང་བཀའ་བློན་གྱིས་ཨོ་སི་ཁྲོ་ལི་ཡར་འགྲོ་ཉིན་མ་གཏོགས་སོ་སོའི་སློབ་སྦྱོང་དང་འཚོ་གནས་མཚམས་མ་འཇོག་གསུངས།

དེ་རིང་ཕྱི་ཚེས་༡༥ ཕྱི་དྲོར་ཤེས་རིག་གི་ལས་རིམ་ཚར་རྗེས་བདེ་སྲུང་གི་ལས་བསྡོམས་སྙན་སྒྲོན་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་དང་བགྲོ་གླེང་གི་སྐབས་སུ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་བདེ་སྲུང་ལས་ཁུངས་ནས་གོ་སྒྲིག་བྱས་ཏེ་ཨོ་སི་ཁྲོ་ལི་ཡར་སྐྱབས་བཅོལ་གཏང་རྒྱུའི་གནས་སྟངས་ཤིག་ཡོད་པ་དེ་ལས་བསྡོམས་ནང་འཁོད་མེད་པ་སོགས་དང་། ད་ལྟའི་ཨོ་སི་ཁྲོ་ལི་ཡར་རེ་བ་རྒྱག་མཁན་ཚོའི་འཚོ་བའི་དཀའ་ངལ་དང་འབྲེལ་བདེ་སྲུང་གིས་གཏོང་ཐུབ་ན་ཐུབ་པ་དང་མེད་ན་མེད་ཅེས་ད་ལྟའི་ཆར་གསལ་པོ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལྟར་མ་བྱུང་བ་ཡིན་ན་ད་ལྟ་མི་མང་པོ་ཞིག་གིས་དེ་ལ་རེ་བ་ཆེན་པོ་ཞིག་བརྒྱབས། རེ་བ་དེས་འཚོ་བའི་ལམ་འགག་བརླག་སྡོད་མཁན་མང་པོ་ཞིག་ཡོད་པ་སོགས་ཀྱི་དགོངས་ཚུལ་དང་དྲི་བ་འདྲི་སྐབས།
བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་བཀུར་འོས་སྤྱི་འཐུས་ཀྱིས་གསུངས་པ་ནང་བཞིན་གནས་སྟངས་ཀྱི་ཐོག་ནས་རེད། ང་ཚོ་བཙན་བྱོལ་ནང་ལ་ཡོད་མཁན་གྱི་ནང་ནས་ཨོ་སི་ཁྲོ་ལི་ཡར་འགྲོ་ཐུབ་ན་བསམས་ནས་རེ་བ་བྱེད་མཁན་མང་པོ་རེད། ལྷག་པར་དུ་ཚོགས་ཆུང་ནས་ངོས་བཞེས་བྱུང་བ་དང་ཧ་ལམ་འགྲོ་ཡ་ཡིན་བསམས་ནས་སོ་སོའི་ཚོང་ཡིན་ནའང་སྒོ་བརྒྱབས་པ་དེ་འདྲ་ཡོང་གི་འདུག དེའི་རིགས་དེ་གནང་རྒྱུ་མི་འདུག་པས་རྩ་བ་ཉིད་ནས་མ་གནང་རོགས། སྡིངས་ཆ་འདིའི་བརྒྱུད་ནས་འབོད་སྐུལ་ཞུ་འདོད་བྱུང་ཞེས་དང་། སྤྱིར་བཏང་དེ་འདྲ་མཇལ་བའི་སྐབས་སུ་ཞུ་གི་ཡོད། དེ་བཞིན་བར་ཆད་ཟེར་བ་དེ་གང་ནས་ཡོང་ཧ་གོ་ཡ་མི་འདུག དཔེར་ན་ཏོག་དབྱིབས་ནད་ཡམས་མ་ཡོང་གོང་དུ། ལག་ཁྱེར་རག་གནམ་གྲུའི་འཛིན་ཆ་ཚང་ཉོས་ཟིན་ཡང་འགྲོ་མ་ཐུབ་པ་དེ་འདྲ་བྱུང་བ་རེད། དེའི་སྐབས་སུ་དང་དེའི་རྗེས་སུ་ལྷག་མཁན་ཚོ་ལ་བདེ་སྲུང་ལས་ཁུངས་ཀྱི་ངོས་ནས་དུད་ཚང་ལྔ་ཡོད་ཀྱང་ཁྱད་མེད་ཀྱིས་དཀའ་ངལ་ཡོད་པ་ངོས་འཛིན་བྱས་པའི་ཐོག་ནས་མི་རེ་རེ་ལ་སྒོར་ཁྲི་རེ་མཐུན་སྦྱོར་གོ་སྒྲིག་བྱེད་དགོས་པའི་གནས་སྟངས་བྱུང་སྐོར་དང་། དེ་བཞིན་སོ་སོ་འགྲོ་རྒྱུའི་ཉིན་མོ་བསླེབས་ན་སོ་སོ་འདིར་ལ་ཡོད་པ་དེ་སྒོ་གང་འདྲ་རྒྱག་དགོས་ཀྱང་རྒྱག་ཆོག་གི་རེད། དེའི་སྔོན་ནས་ད་ལྟ་ཡོད་པའི་སོ་སོའི་ལྟོ་གོས་འཚོལ་ས་དང་ལྷག་ཏུ་སློབ་སྦྱོང་བྱེད་མཁན་ཚོས་སོ་སོར་ད་ལྟ་ཡོད་པའི་སོ་སོའི་གནས་སྟངས་དེ་རྩ་ཆེན་པོ་བཟུང་ནས་དགོངས་པ་རྒྱ་ཆེན་པོ་བཞེས་རོགས་ཞེས་དང་། གཞན་ཡང་
ད་ལྟའི་ཆར་ཨོ་སི་ཁྲོ་ལ་ཡའི་ནང་སྐྱབས་བཅོལ་ལེན་སྟངས་འགྱུར་བ་ཞིག་ཕྱིན་འདུག་ཀྱང་གང་ཐུབ་ཐུབ་ཀྱིས་འབྲེལ་བ་གནང་བཞིན་ཡོད་སྐོར་སོགས་དང་འབྲེལ། ད་བར་བཏང་ཟིན་པའི་སྐོར་ལ། ༢༠༢༢ ལོར་མི་གྲངས་༡༡༠ དང་། ༢༠༢༣ ལོ་༥༨ ཨོ་གླིང་དུ་ཕེབས་ཐུབ་པ་བྱུང་ཡོད་པ་དང་། སྤྱིར་ཕྱི་ལོ་༢༠༡༩ ལོར་བདེ་སྲུང་ལས་ཁུངས་སུ་ཐོ་འགོད་བྱེད་མཁན་༧༢༨་བྱུང་ཞིང་དེའི་ནང་ནས་གྲངས་༦༣༡ ཞིབ་འཇུག་གིས་ཐག་གཅོད་བྱུང་ཡོད་པ་དང། ཕྱི་ལོ་༢༠༢༠ ལོར་ཐོ་འགོད་བྱེད་མཁན་༡༩༢་བྱུང་བའི་ནང་ནས་༡༣༠ ལ་ཐག་གཅོད་བྱུང་། ཕྱི་ལོ་༢༠༢༡་ལོར་ཐོ་འགོད་བྱེད་མཁན་གྲངས་༡༡༨་ནས་༥༨་ལ་ཐག་གཅོད་བྱུང་ཡོད་པ་དང་། ཕྱི་ལོ་༢༠༢༢ ལོར་ཐོ་འགོད་བྱེད་མཁན་གྲངས་༡༧༠ ་བྱུང་བའི་ནང་ནས་༦༥ ལ་ཐག་གཅོད་བྱས། ཕྱི་ལོ་༢༠༢༣ ལོར་ཐོ་འགོད་བྱེད་མཁན་༧༠ བྱུང་བའི་ནང་ནས་༡༩ ཐག་གཅོད་བྱས་ཟིན་པ་དང་། ཕྱི་ལོ་༢༠༢༤ ལོར་ཐོ་འགོད་བྱེད་མཁན་༦ བྱུང་ཡོད་པ་དང་ད་བར་ཐག་གཅོད་གང་ཡང་བྱས་མེད་པ་སོགས་གསུངས་སོང་།
ཕྱི་ལོ་༢༠༡༩ ནས་༢༠༢༣ ་བར་ཐོ་འགོད་བྱེད་མཁན་ནང་ནས་མི་གྲངས་༨༩༣ ་ལ་ཞིབ་འཇུག་བྱས་ཟིན་ན་ཡང་། ད་དུང་ཐོ་འགོད་བྱེད་མཁན་གྲངས་༣༨༡ ལ་ཞིབ་འཇུག་བྱེད་རྒྱུ་ལྷག་ཡོད་པ་དང་། ད་ལྟ་ལྷག་ཡོད་པ་རྣམས་ལས་འགའ་ཤས་ནི་བདེ་སྲུང་གིས་ངོས་བཞེས་མ་ཐོབ་ནས་བསྐྱར་དུ་སྙན་ཞུ་འབུལ་མཁན་དང་། རེ་ཟུང་ནི་དཔང་པོ་དང་དོ་བདག་འབྲེལ་མ་ཐུབ་པས་ཚོགས་ཆུང་གིས་སྡོམ་རྒྱག་མ་ཐུབ་པ་བཅས་ཀྱིས་ཡིན་པའི་སྐོར་དང་། དེ་མིན་ད་ལྟ་སྤྱི་ཚོགས་ནང་འགྲོ་བཞིན་པ་ཨོ་སི་ཁྲོ་ལི་ཡར་འགྲོ་ཡ་དེ་ད་ལྟའི་བཀའ་ཤག་གིས་ཤུགས་ཞེ་དྲག་རྒྱག་གི་མེད་པ་དང་། དེ་ཡང་གཞིས་ཆགས་སུ་ཁང་པ་བགོ་འགྲེམས་ཆེད་དུ་ཡིན་པ་སོགས་བརྗོད་པ་ནི་དཀྲོག་གཏམ་ལས་བདེན་པ་མ་རེད་ཅེས་ལན་འདེབས་གནང་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།