བཙན་བྱོལ་ནང་གི་གླུ་གཞས་གསར་པ་ངོ་སྤྲོད།

ད་ཆར་བོད་ཕྱི་ནང་གཉིས་སུ་གཞས་པ་དང་གཞས་མ་ཚོས་གླུ་གཞས་གསར་པ་མང་པོ་ཞིག་འགྲེམས་སྤེལ་བྱེད་བཞིན་ཡོད་པ་ལྟར། ལོ་འདིའི་ནང་ཡང་གླུ་གཞས་གསར་པ་མི་ཉུང་བ་ཞིག་འགྲེམས་སྤེལ་བྱས་དང་བྱེད་བཞིན་ཡོད་འདུག དཔེར་ན་འཕྲིན་ལས་ཀྱིས་བཏང་བའི་གླུ་གཞས་ཆང་གཞས་དང་། གཞས་མ་ཚེ་རིང་སྒྲོལ་མས་བཏང་བའི་སྒོར་གཞས་བཀྲ་ཤིས་མཇལ་དར། མེ་སྒྲོན་ལྷ་མོས་བཏང་བའི་མཐུན་སྒྲིལ་སྒོར་གཞས། ཁམས་པ་ཤེས་རབ་དང་ཁ་བ་དཀར་པོ་ཚེ་རིང་གཉིས་ཀྱིས་བཏང་བའི་བྲོ་ར་ཕྲ་མོ། གཞས་མ་བརྒྱད་དབྱངས་སྒྲོལ་མས་བཏང་བའི་གླུ་གཞས་སེམས་ཀྱི་ནོར་བུ། ཤག་སྒང་པ་སངས་ཚེ་རིང་གིས་བཏང་བའི་སྟོད་མངའ་རིས་ས་ཁུལ་དུ་དར་སྲོལ་ཆེ་བའི་གླུ་གཞས་དཔྱིད་གསུམ་དཔྱིད། ས་སྐྱ་འཕྲིན་ལས་སྐལ་ལྡན་གྱིས་བཏང་བའི་གླུ་གཞས་ཕྱོགས་བསྒྲིགས། བསྟན་འཛིན་ནོར་བུའི་གླུ་གཞས་སྐུ་ཚེ་རིང་བ་ཡོད་ཅེས་པ་ཞིག་མི་རིང་བར་འགྲེམས་སྤེལ་བྱེད་འཆར་ཡོད་འདུག དེ་བཞིན་སྒྲོལ་མ་སངས་རྒྱས་ཀྱིས་བཏང་བའི་གླུ་གཞས་གསར་པ་བཀྲ་ཤིས་ལོ་གསར། གཞས་པ་ཚེ་རིང་འགྱུར་མེད་ཀྱིས་བཏང་བའི་སྨོན་ལམ་ཞེས་པའི་གླུ་གཞས་གསར་པ་ཞིག་ཀྱང་ཐོན་ཡོད་འདུག གཞན་གཞས་པ་བསྟན་འཛིན་སྒྲོན་གསལ་དང་ཚེ་རིང་འགྱུར་མེད་གཉིས་ཀྱིས་བཏང་བའི་གླུ་གཞས་སེམས་ཀྱི་རེ་སྨོན། གཞས་པ་ཆོས་བཟང་གིས་བཏང་བའི་གླུ་གཞས་བཀྲ་ཤིས་ལོ་གསར། གཞས་པ་བསམ་འགྲུབ་རྡོ་རྗེ་ལགས་ཀྱིས་བཏང་བའི་སྒོར་གཞས་དྲིན་བླ་མའི་བཀའ་སློབ། དེ་བཞིན་གཞས་མ་པ་སངས་ལྷ་མོ་དང་བློ་བཟང་ཚེ་བརྟན་བཅས་ཀྱིས་བཏང་བའི་ཕ་ཡུལ་ལ་སླེབས་པའི་ཚོར་བ་ཞེས་པའི་གླུ་གཞས། བསོད་ནམས་ཚེ་རིང་གིས་བཏང་བའི་གླུ་གཞས་བཀྲ་ཤིས་ཉི་མ་སོགས་གླུ་གཞས་མང་པོ་ཞིག་ཐོན་དང་ཐོན་བཞིན་ཡོད་འདུག་པས། གླུ་གཞས་དེ་དག་གི་ནང་དོན་ནི་ལོ་གསར་ལ་འཚམས་འདྲི་དང་། ཕ་ཡུལ་དྲན་གླུ མཐུན་སྒྲིལ། བླ་མའི་བཀའ་དྲིན་སོགས་ཡིན་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།