བཙན་བྱོལ་བོད་མིའི་དཀའ་རྙོག་ཐད་བླ་ཆེན་རྣམ་པར་བཀའ་འདྲི་ལམ་སྟོན་ཞུ་རྒྱུ་ཡིན་སྐོར་གསུངས་སོང་།
ཟླ་༧ པའི་ཚེས་༢༠ ཉིན་དྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་ཕྱི་ལོ་༢༠༡༦ དང་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལངས་མཁན་བཀྲ་ཤིས་སྟོབས་རྒྱལ་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་རྩོད་རྙོག་གནད་དོན་དང་འབྲེལ་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་།
ཁོང་གིས་གསུང་དོན་ལ། ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བར་སྤྱི་འཐུས་༣༡ ཀྱིས་མང་མོས་རྒྱབ་སྐྱོར་བྱས་ཡོད་པས། ཆོལ་ཁ་གསུམ་ཚང་བའི་སྤྱི་འཐུས་རྣམ་པས་མཉམ་རུབ་ཀྱིས་རྒྱབ་སྐྱོར་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཕྱིས་སུ་ཁྲིམས་ཞིབ་པ་གསུམ་ལས་གནས་སུ་ཚུར་ཕེབས་སྟངས་དེ་མི་འགྲིག་པར་གསུང་མཁན་ཡོད་ལ། འགྲིག་པ་ཡོད་སྐོར་གསུང་མཁན་ཡང་ཡོད་པས། ཁོང་གིས་ཡག་སྡུག་སུ་ཡིན་མིན་གང་ཡང་ལབ་ཐུབ་ཀྱི་མེད་ཀྱང་། ཉམས་ཞིབ་བྱས་ཏེ་གཙང་མ་བཟོ་ཐབས་བྱེད་ཀྱི་ཡོད་སྐོར་གསུངས་སོང་།
ཁོང་གི་ངོས་ནས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ལ་ད་ལྟའི་གནད་དོན་དང་འབྲེལ་ནས་བཀའ་འདྲི་ལམ་སྟོན་ཞུ་ཆེད་དུ་ཕྱག་བྲིས་འབུལ་རྒྱུ་དང་། དེ་བཞིན་དྲ་ཐོག་ནས་ལས་འགུལ་སྤེལ་རྒྱུ་ཡིན་པ། འཕོ་འགྱུར་བཏང་བའི་ཁྲིམས་ཞིབ་པ་གསུམ་ཚུར་ལས་གནས་སུ་ཕྱིར་ཕེབས་གནང་བ་དེ་འགྲིག་གི་ཡོད་མེད་ཐོག ཁྲིམས་ཞིབ་པ་ཟུར་པ་ཁག་ཅིག་ལ་ཉམས་ཞིབ་བྱེད་པའི་རེ་སྐུལ་ཞུ་རྒྱུ་ཡིན་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ཐུག་འཕྲད་ཀྱིས་བསམ་ཚུལ་བསྡུ་རུབ་སོགས་བྱེད་རྒྱུ་ཡིན་སྐོར་གསུངས་ཏེ། ༧གོང་ས་མཆོག་གིས་མང་གཙོ་དེ་མི་མང་ཚོར་གསོལ་རས་བསྩལ་བ་ལས། མི་རེ་གཉིས་ལ་གནང་བ་མིན་པས། མི་མང་ནས་འགན་ཁུར་བའི་འབོད་སྐུལ་ཞུས་སོང་། དེ་བཞིན་ཁོང་གིས་ཁྲིམས་ཞིབ་པ་དང་སྤྱི་འཐུས་རྣམ་ལ་རེ་སྐུལ་ཞུ་དོན། མཁས་པར་དབྱེ་བ་གཉིས་ཡོད་དེ་གཅིག་ནི་གནད་དོན་གང་ལ་ཡང་ནོར་འཁྲུལ་ནམ་ཡང་མི་བྱེད་མཁན་ཡིན་པ་དང་། མཁས་པ་གཉིས་པ་དེ་ནོར་འཁྲུལ་བཟོས་ནའང་། ཁས་ལེན་བྱེད་མཁན་དེ་ཡིན་པས། ཁོང་རྣམ་པས་ནོར་འཁྲུལ་ཁས་ལེན་བྱས་ཚེ་མཁས་པ་ཡིན་པ་དང་།
དེ་བཞིན་རྒྱ་གར་གྱི་བཤད་སྲོལ་ལ་སྐྱག་རྫུན་གཅིག་དེ་བདེན་པ་བརྒྱ་ལས་ཡག་བ་ཡོད་ཅེས་པ་ཞིག་ཡོད་པས། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་བདེན་པ་མིན་པ་པ་དེ་བདེན་པ་ཡིན་པར་ཁས་ལེན་བྱེད་དགོས་དང་དགོས། བདེན་པ་ཡིན་པ་དེ་ཡང་བདེན་པ་མིན་པ་ཁས་ལེན་བྱས་བཞག་ན་བདེན་པ་བརྒྱ་ལས་ཡག་བ་རེད་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་མི་མང་ལ་སྤྱི་ཚོགས་དཀྲུག་ཤིང་གི་སྐད་ཆར་ཉན་འཇོག་མི་བྱེད་པ་དང་། དཀྲུག་ཤིང་སྐད་ཆ་མི་བཤད་པའི་རེ་སྐུལ་ཞུས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
