བཙན་ཤེད་ཀྱིས་བོད་མི་གནས་སྤོ་བྱེད་དུ་འཇུག་བཞིན་པ།

ཕྱི་ལོ་༢༠༢༤ ཟླ་༢ ཚེས་༡༤ ཉིན་སྡེ་དགེ་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་ས་གནས་དེའི་ཡུལ་མི་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས། ས་གནས་གཞན་དུ་གནས་སྤོ་བྱེད་མི་དགོས་པའི་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་འདུག

དེ་ཡང་ས་གནས་དེའི་འབྲེལ་ཡོད་ཅིག་གིས་མཁོ་སྤྲོད་བྱས་པ་ལྟར་ན། དེང་དུས་རྒྱ་གཞུང་གིས་བཅད་བགོས་བྱས་པ་དཀར་མཛེས་ཁུལ་གྱི་ཁོངས་གཏོགས་སྡེ་དགེ་རྫོང་དང་། བོད་རང་སྐྱོང་ལྗོངས་ཆ་མདོ་ཁུལ་འཇོ་མདའ་རྫོང་གཉིས་ཀྱི་ཁོངས་སུ་གཏོགས་པའི་འབྲི་ཆུའི་རྒྱུད་ན་གནས་པའི་དུད་ཚང་ཁྲི་ཕྲག་ལྷག་དང་། དགོན་སྡེ་བཅུ་ཕྲག་ལས་བརྒལ་བ་ཞིག་མོས་མཐུན་མེད་བཞིན་དུ་”ཆུ་གློག་དང་ཆུ་བཀག་གི་བྱ་འགུལ་སྤེལ་ནས་དུད་ཚང་ཁྲི་ཕྲག་ལྷག་ཅིག་ཡུལ་གཞན་དུ་སྤོ་དགོས་པའི་དྲིལ་བསྒྲགས་སྤེལ་ཏེ།  མི་མང་དཀའ་སྡུག་ཚད་ལས་འདས་པའི་མནར་གཅོད་ཀྱི་སྡུག་བསྔལ་མྱོང་བཞིན་པ་སྟེ།  མི་དམངས་ཀྱི་མཐེ་མོ་གནམ་སློང་དང་པུས་མོ་ས་ལ་བཙུགས་ཏེ་སྡེ་དགེ་རྫོང་གི་སྒོ་དྲུང་དུ་མི་མང་ལ་མོས་མཐུན་མེད་པ་དང་། མི་མང་རྣམས་ཡུལ་ཕུད་མ་གཏོང་རོགས་ཞེས་རྫོང་གི་ལས་བྱེད་པ་རྣམས་ལ་མཐེ་མོ་སློང་བཞིན་ཡོད་འདུག འདི་འདྲའི་ཡ་ང་བའི་གནས་ཚུལ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་སྟེ།  འཛམ་གླིང་ཡོངས་རྫོགས་ཞི་བདེ་དང་། རང་དབང་གི་ལམ་དུ་ཆས་ཟིན་པ་མིན་ནམ། ལྷག་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་དབང་དང་འདྲ་མཉམ་སྒྲོག་བཞིན་པ་མིན་ནམ།   རྫོང་རེ་རེའི་སྒོ་ལ་”རང་དབང་།”དང་། “འདྲ་མཉམ།”“དམངས་གཙོ”ཞེས་གསལ་བསྒྲགས་སྙན་མོ་རེ་བྱེད་བཞིན་མེད་དམ།

དུད་ཚང་ཁྲི་ཕྲག་ལས་བརྒལ་བ་ཞིག་གི་བདེ་སྡུག་ལ་མི་ལྟ་བར་དབང་ཆེན་ལས་བྱེད་པ་འགའ་རེ་དང་། ཚོང་ཆེན་ཕྱུག་བདག་རེ་ཟུང་ཁ་མཐུན་ནས་སྙིང་རྗེ་སྤུ་ཙམ་མེད་པ་དུད་ཚང་ཁྲི་ཕྲག་ལྷག་གི་ཕ་མེས་ཡང་མེས་ཀྱི་དུར་ས་དང་། མི་རབས་ཚ་རྒྱུད་ཀྱི་འཚོ་སྡོད་བྱེད་སའི་ཕ་ས་ཕ་ཡུལ་དང་། ཞིང་ས།  ཁང་པ། ཡུལ་ལུང་ཚང་མ་འབྲི་ཆུའི་ནང་ལ་གཡུགས་པའི་བྱ་སྤྱོད་འདིས།  མི་རིགས་རང་དབང་དང་། འདྲ་མཉམ་བཤད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཐད་ཀར་ངོ་རྒོལ་བྱེད་པ་མ་ཡིན་ནམ།

ས་གནས་འདིའི་ལས་བྱེད་པ་ཁྱེད་རྣམ་པས་འདིའི་ཐད་ལ་མི་ཤེས་དང་། མི་འཇོན། ཐག་མི་ཆོད་ཅེས་མ་གསུང་རོགས།  གང་ལྟར་ཁྱེད་རྣམ་པ་ལ་མི་མང་གི་བདེ་སྡུག་ལྟ་མཁན་ཡིན་པས།  མི་མང་དཀའ་སྡུག་དང་།  མི་མང་གི་ན་ཟུག   མི་མང་གི་མིག་ཆུ།  མི་མང་གིས་པུས་བཙུགས་དང་མཐེ་མོ་གནམ་སློང་གིས་རེ་ཞུ་བྱེད་པ་དེ།  གོང་ལ་ཞུ་བའི་ཐོབ་ཐང་དང་འོས་འགན་ནི་ཁྱེད་རྣམ་པ་ལ་ངེས་པར་དུ་ཡོད་དོ།། ཞེས་འཁོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།