བཟའ་བཅའ་མཁོ་སྤྲོད་ཁང་ཀྱི་ཆེད་ལོ་འཁོར་གོམ་བགྲོད་ཐེངས་བཅུ་དྲུག་པར་བོད་མི་ཐེངས་དང་པོ་མཉམ་ཞུགས།
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༤ ནས་ཉིན་གྲངས་གཉིས་རིང། ཨ་རིའི་མེ་སེ་ཅུ་སེ་ཊེ་(Massachusetts)མངའ་སྡེའི་ཚོགས་སྡེ་ཁག་གིས་བཟའ་བཅའ་མཁོ་སྤྲོད་ཁང་གི་ཆེད་དུ་ལོ་འཁོར་གྲོམ་བགྲོད་ཐེངས་༡༦ པ་གོ་སྒྲིག་བྱེད་པའི་སྐབས། ད་ལོ་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་དང་བསྟུན། འཛམ་གླིང་གང་སར་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པའི་ལས་རིམ་གྱི་ཆ་ཤས་སུ། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག བོད་ཀྱི་རུ་ཁག་ཅེས་བོད་མི་ཁག་ཅིག་ཐེངས་དང་པོ་གོམ་བགྲོད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་འདུག

གོམ་བགྲོད་ཀྱི་ལས་འགུལ་དེ་ནི་ལོ་ལྟར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern)དང། མོན་ཊེ་བྷེལ་མོན་ཊེ་(Monte Belmonte) དེ་བཞིན་བཟའ་བཅའ་མཁོ་སྤྲོད་ཁང་གི་འགན་འཛིན་ཨེན་ཌོའུ་མོར་ཧའུ་སི་(Andrew Morehouse)བཅས་དང། ཚོགས་སྡེ་ཁག་གི་ཚོགས་མི་བརྒྱ་ཕྲག་མང་པོས་མཉམ་རུབ་ཐོག སི་པི་རིང་ཧྥིལ་ཌི་(Springfield)ནས་གྷིརིན་ཧྥིལ་ཌི་(Greenfield)བར་མི་ལེ་༤༣ གོམ་བགྲོད་བྱས་ཏེ། ལྟོགས་སྐོམ་སེལ་བའི་ཆེད་དུ་མ་དངུལ་བསྡུ་རུབ་དང་གོ་རྟོགས་སྤེལ་གྱི་ཡོད་འདུག། ད་ལོར་ས་གནས་སུ་དགོས་མཁོ་ཇེ་ཆེར་འགྲོ་བཞིན་པ་དང་བསྟུན། དམིགས་ཚད་ཨ་སྒོར་༦༥༠,༠༠༠ བཟུང་ཡོད་འདུག
བོད་ཀྱི་རུ་ཁག་ལས་འགུལ་ཐེངས་༡༦ པའི་ནང་མཉམ་ཞུགས་དང་འབྲེལ། བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ཀྱིས། བྱམས་བརྩེའི་ལོ་དང་༧གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་དང་སྦྲགས། ང་ཚོས་མགོན་པོ་མཆོག་གི་སྐུ་ཚེ་གང་གི་མཛད་ཁུར་ཏེ། སྙིང་རྗེ་དང་སྤྱི་ཚོགས་ཞབས་ཞུའི་དགོངས་གཞི་དེ་མཚོན་པར་བྱེད་འདོད་བྱུང་། བོད་མི་རྣམས་མེ་སེ་ཅུ་སེ་ཊེ་མངའ་སྡེའི་ནང་ལོ་ངོ་༣༥ ལྷག་གནས་སྡོད་བྱས་ཡོད་པས། ལྟོགས་སྐོམ་སེལ་བའི་ལས་འགུལ་འདིར་མཉམ་ཞུགས་བྱེད་པ་ནི། ང་ཚོས་ཁྱིམ་གཞིས་སུ་འབོད་པའི་ས་གནས་འདིར་ཕྱིར་དྲིན་ལན་འཇལ་བ་ཞིག་ཡིན་ཞེས་གསུངས་འདུག
མེ་སེ་ཅུ་སེ་ཊེ་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ཡོན་ཏན་རྒྱ་མཚོས། བོད་ཀྱི་རུ་ཁག་གིས་ཨ་སྒོར་༤༠༠༠ ཙམ་བསྡུ་རུབ་ཐུབ་པ་བྱུང་ཡོད་ལ། གོམ་བགྲོད་ཀྱི་ཉིན་གཉིས་པར་བོད་ཀྱི་ཞོགས་ཟས་གྲ་སྒྲིག་ཞུས་ཡོད། དེ་བཞིན་བོད་མི་༢༠ ལྷག་གིས་ཚོགས་སྡེ་ཁག་གི་ཚོགས་མི་བརྒྱ་ཕྲག་མང་པོ་དང་ལྷན་དུ་གོམ་བགྲོད་བྱས་ཡོད་པ་ནི་ང་ཚོས་མེ་སེ་ཅུ་སེ་ཊེ་མངའ་སྡེར་བཀའ་དྲིན་ཆེ་ཞུ་བ་དང་། ༧གོང་ས་མཆོག་གི་བྱམས་བརྩེའི་བཀའ་སློབ་དེ་དོན་དངོས་ལག་ལེན་ཐོག་ནས་གོ་འཕེལ་གཏོང་བ་ཞིག་ཡིན་ཞེས་གསུངས་འདུག
གོམ་བགྲོད་སྐབས། གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་གྱིས་སྤྱི་འཐུས་དོན་གྲུབ་ཚེ་རིང་དང་ལྷན་དུ་བཟའ་བཅའ་མཁོ་སྤྲོད་ཁང་གི་དམིགས་ཡུལ་སྐོར་གླེང་མོལ་གནང་སྐབས། ཁོང་གིས་ང་རང་གོམ་བགྲོད་འདིར་མཉམ་ཞུགས་བྱས་ནས་ལོ་༡༣ པ་དེ་ཡིན། ངས་འདི་ལྟར་བྱེད་དོན་ནི། ང་ཚོའི་གྲོང་ཁྱེར་དང་གྲོང་རྡལ་ཚང་མའི་ནང་ལྟོ་གོས་ཀྱིས་མ་འདང་བའི་མི་མང་པོ་ཡོད། གོམ་བགྲོད་བྱེད་པ་དེས་ཞལ་འདེབས་བྱུང་བའི་སྒོར་མོ་རེ་རེས་ང་ཚོའི་སྤྱི་ཚོགས་ནང་གི་མི་ཞིག་ལ་ཟས་རིགས་སྤྲོད་པར་ཕན་ཐོགས་ཀྱི་ཡོད་ཅེས་དང་།
ད་ལོར་༧གོང་ས་མཆོག་གི་དགུང་གྲངས་༩༠ པའི་འཁྲུངས་སྐར་ལ་རྗེས་དྲན་ཞུ་བའི་བྱམས་བརྩེའི་ལོའི་ལས་རིམ་གྱི་ཆ་ཤས་སུ། བོད་མི་ཚོ་དང་མཉམ་དུ་གོམ་བགྲོད་བྱེད་རྒྱུ་བྱུང་བར་ང་དགའ་སྤོབས་བྱུང་། འདི་ནི་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་རེད། ངས་༧གོང་ས་མཆོག་གི་བྱིན་གྱིས་རླབས་པའི་བོད་ཀྱི་ཕྲེང་བ་འདི་གྱོན་གྱི་ཡོད་ལ། འདིས་ང་ལ་ཞི་བདེ་སྦྱིན་གྱི་འདུག་ཅེས་དང་།
ཁོང་གིས་མུ་མཐུད་དུ། ད་ལོར་བོད་ཀྱི་གནས་ཚུལ་དང་བོད་མིར་དྲག་གནོན་བྱེད་བཞིན་པའི་སྐོར་ལ་གོ་རྟོགས་གསར་པ་ཞིག་སླེབས་ཡོད་པ་དང་། གོ་རྟོགས་གསར་པ་དེ་དག་ཨ་རིའི་གྲོས་ཚོགས་ཙམ་མིན་པར། འཛམ་གླིང་གི་གྲོས་ཚོགས་ཁག་གི་ནང་དོན་དངོས་ལག་བསྟར་གྱི་ངོ་བོར་འགྱུར་བའི་རེ་བ་ཡོད་ཅེས་ནན་བརྗོད་གནང་ཡོད་འདུག
གོམ་བགྲོད་ལས་འགུལ་དེ་ཕྱི་ལོ་༢༠༡༠ ལོར་འགོ་འཛུགས་གནང་ཡོད་པ་དང་། ལས་འགུལ་དེས་བཟའ་བཅའ་མཁོ་སྤྲོད་ཁང་གི་ལས་དོན་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག མཁོ་སྤྲོད་ཁང་གིས་ཟླ་རེར་རྫོང་ཁག་བཞིའི་ནང་དུ་མི་གྲངས་༡༢༣།༠༠༠ ལྷག་ལ་ཟས་རིགས་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག །
གསར་འགོད་པ། བློ་བཟང་རྒྱ་མཚོ།
