བརྙན་འཕྲིན་བརྒྱུད་ལམ་ཁག་ཅིག་གིས་སྲིད་འཛིན་ཊོམ་གྱི་གཏམ་བཤད་ཐད་གཏོང་མཚམས་འཇོག་བྱས་འདུག 

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཕོ་བྲང་དཀར་པོ་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས། མངའ་སྡེ་ཁག་ཅིག་གི་ནང་དུ་མང་གཙོ་ཚོགས་པར་ཁྲིམས་འགལ་གྱི་འོས་ཤོག་མང་པོ་སྣོན་བཞིན་ཡོད་པའི་སྐད་ཆ་མང་པོ་ཞིག་བཤད་བཞིན་པའི་སྐབས་སུ། བརྙན་འཕྲིན་བརྒྱུད་ལམ་ཁག་ཅིག་གིས་གནས་ཚུལ་རྫུན་མ་ཁྱབ་སྤེལ་གཏོང་གི་ཡོད་པར་ངོས་འཛིན་གྱིས་སྐད་ཆ་ཐད་གཏོང་མཚམས་འཇོག་བྱས་འདུག 

ཟླ་༡༡ པའི་ཚེས་༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༥ ཉིན་གྱི་མཚན་མོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ནས། སྐར་མ་༡༧ རིང་མང་གཙོ་ཚོགས་པར་ཁྲིམས་འགལ་གྱི་འོས་ཤོག་མང་པོ་ཞིག་སྣོན་བཞིན་ཡོད་པ་དང་། མང་གཙོ་ཚོགས་པས་དྲང་བདེན་མ་ཡིན་པའི་ཐོག་ནས་འོས་བསྡུའི་རྒྱལ་ཁ་ཐོབ་ཐབས་བྱེད་བཞིན་ཡོད་པ་སོགས་དཔང་རྟགས་དང་ར་སྤྲོད་ད་ལྟ་བར་བྱུང་མེད་པའི་སྐད་ཆ་མང་པོ་ཞིག་བཤད་བཞིན་པའི་སྐབས་སུ། (MSNBC)བརྙན་འཕྲིན་བརྒྱུད་ལམ་གྱི་གཙོ་སྐྱོང་བས། ད་ལྟ་ཁོ་ཚོས་རྒྱལ་ཁབ་ཀྱི་སྲིད་འཛིན་གྱི་སྐད་ཆའི་བར་མཚམས་བཅད་དགོས་པ་མ་ཟད། ནོར་བཅོས་བྱེད་དགོས་པའི་རྒྱུན་ལྡན་མ་ཡིན་པའི་གནས་སྟངས་ཤིག་ལ་སླེབས་ཡོད་སྐོར་བརྗོད་ནས། ཊོམ་གྱི་གཏམ་བཤད་ཐད་གཏོང་བྱེད་རྒྱུ་མཚམས་འཇོག་བྱས་འདུག དེ་བཞིན་(NBC) དང་(ABC) བརྙན་འཕྲིན་བརྒྱུད་ལམ་གཉིས་ཀྱིས་ཊོམ་གྱི་གཏམ་བཤད་ཐད་གཏོང་བྱེད་རྒྱུ་མཚམས་འཇོག་བྱས་འདུག སྐབས་དེར་གསར་འགོད་པ་ཞིག་གིས་ཊོམ་གྱིས་བསྒྲགས་བཞིན་པའི་ཁྲིམས་འགལ་གྱི་འོས་ཤོག་ཟེར་བའི་ཐོག་དཔང་རྟགས་གང་ཡང་མེད་པ་དང་། རྒྱུན་ལྡན་ནས་འོས་ཤོག་རྩིས་བཤེར་ལ་དུས་ཚོད་འགོར་གྱི་ཡོད་པ་དང་། ཐེངས་འདིའི་འོས་བསྡུར་དམིགས་བསལ་གྱིས་དུས་ཡུན་རིང་པོ་འགོར་གྱི་ཡོད་པས་སྲིད་འཛིན་ཊོམ་སུན་སྣང་སྐྱེ་ཡི་ཡོད་པ་འདྲ་བ་མཐོང་གི་ཡོད་སྐོར་བརྗོད་འདུག 

དེ་བཞིན་ནམ་རྒྱུན་སྲིད་འཛིན་ཊོམ་གྱིས་གསར་ཁང་རྫུན་མ་ཞེས་འཁོན་སེམས་ཆེན་པོའི་ཐོག་ནས་སྐྱོན་བརྗོད་བྱེད་ཡུལ་ཨ་རིའི་གསར་ཁང་ཆེ་གྲས་(CNN) གྱིས་ཊོམ་གྱིས་གཏམ་བཤད་ཐད་གཏོང་བྱས་འདུག་ཀྱང་། བརྙན་པར་གྱི་འོག་ཏུ་དཔང་རྟགས་གང་ཡང་མེད་པའི་ཐོག་ནས་ཊོམ་གྱིས་ཁོང་ལ་དྲང་བདེན་བྱེད་ཀྱི་མེད་པ་བརྗོད་ཀྱི་འདུག་ཅེས་པའི་ཡི་གེ་བཀོད་ཡོད་འདུག གསར་ཁང་དེའི་གཙོ་སྐྱོང་བས་རྒྱལ་ཁབ་ཀྱི་སྲིད་འཛིན་གྱིས་མི་གཞན་ལ་འོས་ཤོག་བརྐུ་ཡི་ཡོད་པའི་ཉེས་འཛུགས་རྫུན་གཏམ་སྤེལ་བ་དང་། ཨ་རིའི་མང་གཙོར་རྫུན་གཏམ་ཁོ་ནས་རྡུང་རྡེག་གཏོང་བ་ནི་ངོ་གནོང་དགོས་པ་ཞིག་ཡིན་སྐོར་བརྗོད་འདུག 

ཨ་རིའི་ནང་རྙིང་ཞེན་རིང་ལུགས་དང་སྤྱི་མཐུན་ཚོགས་པ། སྲིད་འཛིན་ཊོམ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པར་ངོས་འཛིན་བྱེད་ཡུལ་གྱི་གསར་ཁང་ཆེ་གྲས་(Fox News) ཡི་གཙོ་སྐྱོང་བས། སྲིད་འཛིན་ཊོམ་གྱིས་དྲང་བདེན་མིན་པའི་ལས་དོན་གང་དུ་བྱུང་ཡོད་པ་དམིགས་བཀར་གསལ་འདོན་མ་བྱས་པ་ཙམ་གྱིས་དེ་ལྟར་བྱུང་མེད་པ་ཁྱབ་ཀྱི་མེད་པ། འོན་ཀྱང་སྲིད་འཛིན་ཊོམ་དང་ཁོང་གི་ཁྲིམས་རྩོད་པས་དཔང་རྟགས་སྟོན་དགོས་ཀྱི་ཡོད་སྐོར་བརྗོད་འདུག 

སྲིད་དོན་ཚོགས་པ་གཉིས་བར་འགྲན་རྩོད་བྱེད་ཡུལ་གལ་གནད་ཆེ་བའི་མངའ་སྡེ་ཁག་ཅིག་ནས་སྲིད་འཛིན་སུ་ལ་རྒྱལ་ཁ་ཐོབ་ཡོད་པ་གསལ་པོ་ཆགས་མེད་ཁར། འོས་གྲངས་རྩིས་བཤེར་འགྲོ་བཞིན་པའི་སྐབས་དེར། སྲིད་འཛིན་ཊོམ་ནས་མངའ་སྡེ་ཁག་ཅིག་ནང་ཁྲིམས་འགལ་གྱི་འོས་ཤོག་རྣམས་རྩིས་ནས་མང་གཙོ་ཚོགས་པར་ཁེ་ཕན་ཐོབ་བཞིན་པ་དང་། མངའ་སྡེ་ཁག་ཅིག་ནང་འོས་ཤོག་རྩིས་བཤེར་མཚམས་འཇོག་དགོས་པ་སོགས་ཀྱི་ཁྲིམས་གཏུག་ཁག་ཅིག་བྱས་ཟིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།