བལ་ཡུལ་གྱི་གོར་ཁའི་དམག་མི་ཨུ་རུ་སུའི་སྒེར་དམག་ཚོགས་པའི་ནང་ཞུགས་བཞིན་འདུག
ཟླ་འདིའི་ཚེས་༢༨ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་སྒེར་དམག་ཚོགས་པའི་ནང་མཉམ་ཞུགས་བྱེད་མཁན་བལ་ཡུལ་གྱི་གོར་ཁའི་དམག་མི་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཚེས་༡༦ ཉིན་ཨུ་རུ་སུའི་གཞུང་གིས་ལོ་གཅིག་རིང་ཨུ་རུ་སུའི་དམག་འཁྲུག་ནང་མཉམ་ཞུགས་བྱས་ཚེ། ཨུ་རུ་སུའི་མི་སེར་ལག་ཁྱེར་འཐོབ་པར་སྟབས་བདེ་རུ་བཟོས་ཡོད་འདུག་པར་བརྟེན། བལ་ཡུལ་གྱི་དམག་མི་མང་པོས་དུས་ཡུན་ལོ་གཅིག་རིང་དམག་མི་བྱེད་རྒྱུའི་གན་རྒྱའི་ཐོ་འགོད་བྱས་ཡོད་འདུག དམག་མི་དག་ལས་ཁ་ཤས་ནི་བལ་ཡུལ་གྱི་དམག་མི་ཟུར་པ་ཡང་ཆགས་ཡོད་འདུག
ལྷག་པར་དུ་ཨུ་རུ་སུའི་སྒེར་དམག་ཚོགས་པས་དྭང་བླངས་དམག་མི་བསྡུ་བཞིན་ཡོད་པ་དང་། དྭང་བླངས་དམག་མི་རེ་ལ་ཟླ་རེར་གླ་ཕོགས་ཡུ་སྒོར་༢༧༠༠ སྤྲོད་ཀྱི་ཡོད་པ་མ་ཟད་འཕྲོད་བསྟེན་ཉེན་སྲུང་(Health insurance) གི་མཐུན་རྐྱེན་ཡང་སྦྱོར་གྱི་ཡོད་པའི་དབང་གིས་བལ་ཡུལ་གྱི་དམག་མི་ཁག་ཅིག་ཨུ་རུ་སུའི་དམག་ནང་མཉམ་ཞུགས་བྱེད་བཞིན་ཡོད་འདུག
དེ་བཞིན་ན་ནིང་རྒྱ་གར་གཞུང་གིས་བལ་ཡུལ་དམག་མི་དག་གི་རྒན་གསོའི་འཚོ་དངུལ་མེད་པ་བཟོས་པ་མ་ཟད་ལས་ཡུན་ཀྱང་ཐུང་དུ་བཏང་ཡོད་འདུག། གནས་དོན་དེའི་ཐད་བལ་ཡུལ་དང་རྒྱ་གར་བར་འགལ་ཟླ་བྱུང་བར་བརྟེན། སྐབས་དེར་བལ་ཡུལ་གཞུང་གིས་ཕྱོགས་གཉིས་ཀྱི་བར་མི་ལོ་༢༠༠ ཡི་ལོ་རྒྱུས་ལྡན་པའི་དམག་བསྡུའི་བརྒྱུད་རིམ་དེ་རྒྱ་གར་ཕྱོགས་ནས་གནས་ཚུལ་གསལ་བོ་མ་བཟོས་བར་མཚམས་འཇོག་བྱས་ཡོད་འདུག
ད་ལྟའི་ཆར་ཡུ་ཊུབ་དང་ཀྲི་ཀྲོ་སོགས་ཀྱི་སྤྱི་ཚོགས་བརྒྱུད་ལམ་མང་པོའི་ནང་བལ་ཡུལ་གྱི་གཞོན་སྐྱེས་དམག་མི་ཚོས་ཨུ་རུ་སུ་ལ་དམག་སྦྱོང་བྱེད་བཞིན་ཡོད་པ་མཐོང་རྒྱུ་ཡོད་འདུག་ལ། དྭང་བླངས་དམག་མི་ཞིག་གིས་བརྗོད་གསལ་ལྟར་ན། དེ་སྔ་ཨུ་རུ་སུའི་དམག་དཔུང་ནང་མཉམ་ཞུགས་བྱས་པར་ཨུ་རུ་སུའི་སྐད་རང་སྐྱ་འཕེལ་བ་ཤེས་དགོས་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ཨུ་རུ་སུའི་སྐད་མ་ཤེས་ན་ཡང་དབྱིན་སྐད་ཕྲན་བུ་ཤེས་ན་ཆོག་གི་ཡོད་པ་མ་ཟད། བལ་ཡུལ་ནས་ཡོང་བའི་དྭང་དམག་རྣམས་ལ་དེང་རབས་མཚོན་ཆ་བཀོལ་སྤྱོད་བྱེད་རྒྱུའི་སྦྱོང་བརྡར་ལས་དེ་མིན་དམག་སྦྱོང་གི་ཐོག་ལ་དཀའ་ངལ་དམིགས་བསལ་འཕྲད་ཀྱི་མེད་པ་རེད་འདུག
བལ་ཡུལ་གྱི་གོར་ཁའི་དམག་མི་དག་ནི་བློ་སྟོབས་ཆེ་ཞིང་འཐབ་འཛིང་གི་ལག་རྩལ་ཡག་པོ་ཡོད་པའི་རྒྱུ་མཚན་གྱིས་དབྱིན་ཇིས་ཕྱི་ལོ་༡༨༡༥ ཙམ་ནས་དབྱིན་ཇིའི་གོར་དམག་ཅེས་དམག་མི་བསྡུ་སྲོལ་ཡོད་འདུག་ལ། རྒྱ་གར་ལ་རང་བཙན་ཐོབ་རྗེས་རྒྱ་གར་གྱི་གོར་དམག་ཅེས་རྒྱ་གར་གཞུང་གིས་ཀྱང་གོར་ཁའི་དམག་མི་བསྡུ་སྲོལ་ཡོད་པ་མ་ཟད། གོར་དམག་ཚོ་ལ་དམིགས་བསལ་ཆེ་མཐོང་ཡང་སྤྲོད་ཀྱི་ཡོད་འདུག
འདས་པའི་ཉིན་ཁ་ཤས་ཀྱི་སྔོན་དུ་ཨུ་རུ་སུའི་སྒེར་དམག་ཚོགས་པས་ཨུ་རུ་སུའི་གཞུང་ལ་གྱེན་ལོག་བྱས་ཀྱང་། ད་ལྟའི་ཆར་སྒེར་དམག་ཚོགས་པའི་འགོ་པ་ནི་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རུ་སི་(Belarus) ་ལ་ཡོད་པ་དང་། སྲིད་འཛིན་པུ་ཊིན་གྱིས་ཁོང་གི་དམག་མི་ཚོ་ལ་ཨུ་རུ་སུའི་དམག་དཔུང་ཚོ་དང་གན་རྒྱ་བཞག་ནས་གཞུང་དམག་ནང་མཉམ་ཞུགས་དགོས་པ་དང་། ཡང་ན་ཁྱིམ་དུ་ལོག་དགོས་པ། དེ་མིན་ན་བྷེ་ལ་རུ་སི་ལ་གནས་སྤོ་དགོས་ཞེས་བརྗོད་ཡོད་འདུག གནས་ཚུལ་དེ་ལ་གཞིགས་ན་ཨུ་རུ་སུའི་སྒེར་དམག་ཚོགས་པ་མཇུག་སྒྲིལ་བ་ལྟ་བུ་སྣང་ཡང་། ཕྱོགས་གཞན་ཞིག་ནས་ད་ལྟའི་ཆར་ཨུ་རུ་སུའི་སྒེར་དམག་ཚོགས་པའི་ནང་མཉམ་ཞུགས་བྱེད་མཁན་གོར་ཁའི་དམག་མི་མང་དུ་འགྲོ་བཞིན་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
