བལ་ཡུལ་དུ་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་སྲུང་བརྩི་ཞུ་བཅུག་མི་འདུག།

ཕྱི་ཟླ་༡༢ ཚེས་༡༠ ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོ་ཡིན་སྟབས། འཛམ་གླིང་ས་ཕྱོགས་གང་སར་ནས་བོད་མི་གཙོས་མགོན་པོ་གང་ལ་དད་གུས་ཅན་གྱི་སྐྱེ་བོ་དུ་མས་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད། འོན་ཀྱང་བལ་ཡུལ་གཞུང་གིས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་སོགས་ས་གནས་གང་སར་དུ་ཉེན་རྟོག་པ་བཀྲམས་ཏེ་མི་མང་རྣམས་ཡར་མར་འགྲོ་བ་དང་འདུ་འཛོམས་བྱེད་མི་ཆོག་པར་དམ་དྲག་བྱས་ཡོད་འདུག་པས། ད་ལོའི་དུས་དྲན་ཡང་སྲུང་བརྩི་ཞུ་ཐུབ་མི་འདུག བལ་ཡུལ་དུ་འབྲེལ་ཡོད་ཁག་ཅིག་ལ་དེའི་སྐོར་སྐད་ཆ་འདྲི་སྐབས། ཁ་སང་ནི་ཁག་ཁུག་ཟར་ཟུར་ཚང་མར་ཉེན་རྟོག་པ་བཀྲམས་འདུག་པས། མི་རྣམས་ཡར་མར་འགྲོ་བ་དང་འདུ་འཛོམས་བྱེད་འཇུག་གི་མི་འདུག ས་གནས་ཆུ་བཞི་སྒང་དྲུག་གིས་༧གོང་ས་མཆོག་གིས་ཞི་བདེའི་གཟེངས་རྟགས་བཞེས་པའི་ཉིན་མོ་སྲུང་བརྩི་གྲ་སྒྲིག་བྱེད་རྒྱུ་རེད་འདུག་ཀྱང་སྲུང་བརྩི་བྱེད་བཅུག་མི་འདུག ནམ་རྒྱུན་སྔ་དགོང་དུ་སྒོར་གཞས་འཁྲབ་ཀྱི་རེད། དེ་ཡང་ཚེས་༡༠ རྗེས་མ་གཏོགས་འཁྲབ་མི་ཆོག་ལབ་འདུག མདོར་ན་ས་གནས་གང་ལ་ཡང་མི་མང་འདུ་འཛོམས་བྱེད་འཇུག་གི་མི་འདུག་ཟེར། མི་གཞན་ཞིག་གིས། ང་ཚོས་དུས་དྲན་སྲུང་བརྩི་བྱེད་དགོས་བསམས་ཀྱང་བྱེད་ཐབས་མ་བྱུང་། མཆོད་རྟེན་བྱ་རུང་ཁ་ཤོར་འགྲམ་དུ་རེ་བ་མི་འདུག་ཀྱང་། ཁ་སང་འཕགས་པ་ཤིང་ཀུན་ལ་ཡང་སྲུང་བརྩི་བྱེད་བཅུག་མ་སོང་ཟེར།
གསར་འགོད་པ། བསྟན་འཛིན་ལམ་བཟང་།
