བལ་ཡུལ་བར་བརྒལ་གཞུང་དུ་བུད་མེད་བློན་ཆེན་ཞིག་བསྐོ་རྒྱུར་བོད་པ་དང་འབྲེལ་བ་ཡོད་ཚུལ་གྱི་རྩོད་རྙོག་བྱུང་འདུག

ཉེ་ཆར་བལ་ཡུལ་ནང་གཞོན་སྐྱེས་ཚོས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་གཞི་རྒྱ་ཆེན་པོ་སྤེལ་ནས་གཞུང་སྲིད་མགོ་རྟིང་བསློགས་ནས་སྲིད་བློན་དགོངས་པ་ཞུ་དགོས་བྱུང་ཡོད། ད་ལྟའི་ཆར་བར་བརྒལ་སྲིད་གཞུང་དུ་བལ་ཡུལ་གྱི་བུད་མེད་གཅིག་བློན་ཆེན་ལ་བསྐོ་རྒྱུར་བལ་ཡུལ་མི་མང་ཁྲོད་བུད་མེད་དེ་བོད་པ་དང་འབྲེལ་བ་ཡོད་ལུགས་བརྗོད་ནས་བློན་ཆེན་དུ་བསྐོ་རྒྱུར་འགོག་རྐྱེན་འཕྲད་བཞིན་ཡོད་འདུག

པར། The Kathmandu Post

ཕྱི་ཚེས་༡༤ ཉིན་(The Kathmandu Post)གསར་ཁང་དང་རྒྱུད་ལམ་གཞན་ནས་གནས་ཚུལ་ཐོན་པ་ལྟར་ན། འདི་ལོ་ཕྱི་ཟླ་༩ པའི་བདུན་ཕྲག་གཉིས་པའི་ནང་བལ་ཡུལ་གྱི་ན་གཞོན་ཚོས་བལ་ཡུལ་ནང་ལྐོག་ཟ་རུལ་སུངས་ཤུགས་ཆེན་པོ་ཡོད་པའི་རྐྱེན་གྱིས་ངོ་རྒོལ་དང་། འགོ་ཁྲིད་མང་པོ་ཞིག་ལ་རྡུང་རྡེག་བྱས་རྗེས། མཐར་བལ་ཡུལ་གྱི་སྲིད་གཞུང་མགོ་རྟིང་བསློགས་ཡོད། དེ་རྗེས་མང་མོས་ཀྱི་བསྐོ་བཞག་བྱུང་བའི་ཡུལ་དེའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བུད་མེད་(Shushila Karki)ཡིས་སྣེ་ཁྲིད་པའི་བལ་ཡུལ་ནང་བར་བརྒལ་གྱི་སྲིད་གཞུང་ཞིག་བཙུགས་ནས། (Karnali)ས་ཁུལ་གྱི་ཧུམ་ལ་ས་ཁུལ་དུ་གནས་སྡོད་བུད་མེད་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་ལྷ་འཛོམས་ཞེས་པ་ཞིག་བར་བརྒལ་སྲིད་གཞུང་ནང་བུད་མེད་དང་བྱིས་པ་དེ་བཞིན་རྒན་གྲས་ལྟ་སྐྱོང་བློན་ཆེན་དུ་བསྐོ་འཆར་གནང་ཡོད་འདུག་ཀྱང་། བལ་ཡུལ་ནང་དེ་སྔོན་གཞོན་སྐྱེས་ངོ་རྒོལ་སྐབས་སུ་གཏོར་སྐྱོན་ཆེན་པོ་བྱེད་དུས་ཕྱིའི་སྟོབས་ཤུགས་ཀྱི་ཤུགས་རྐྱེན་ཡོད་ཚུལ་དང་། དེའི་ཁོངས་ནས་ཤུགས་རྐྱེན་སྤྲད་མཁན་གཅིག་བོད་དོན་ལས་འགུལ་བ་ཡིན་པའི་དོགས་གཞི་སླེབས་བཞིན་པའི་ཁྲོད། བཀྲ་ཤིས་ལྷ་འཛོམས་ལ་བལ་ཡུལ་མི་སེར་ལག་ཁྱེར་ལ་རྟོག་ཞིབ་བྱ་དགོས་པ་དང་། ཁོང་ནས་དེ་སྔོན་བོད་དོན་ལས་འགུལ་ནང་དུ་མཉམ་ཞུགས་བྱས་མྱོང་ཡོད་པ་སོགས་ཀྱི་དོགས་གཞི་བསླངས་པ་དང་འབྲེལ་ཁོང་ལ་དགག་བྱ་བྱེད་བཞིན་ཡོད་འདུག
བལ་ཡུལ་གྱི་བརྒྱུད་ལམ་འདྲ་མིན་ནས་(Gen Z Karnali)ཞེས་པའི་གཞོན་སྐྱེས་ལས་འགུལ་ཚོགས་པའི་ངོས་ནས། བཀྲ་ཤིས་ལྷ་འཛོམས་བསྐོ་གཞག་མ་བྱས་སྔོན་ལ་ཁོང་གི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཁ་གསལ་བཟོ་དགོས་པ་དང་། ཚོགས་པའི་ངོས་ནས་བློན་ཆེན་གྱི་འོས་མིའི་ཁོངས་སུ་བཀྲ་ཤིས་ལྷ་འཛོམས་མཚན་སྤྲད་མེད་པ་མ་ཟད། བློན་ཆེན་བསྐོ་གཞག་གི་གནད་དོན་ནང་བལ་ཡུལ་བར་བརྒལ་སྲིད་གཞུང་གིས་བལ་ཡུལ་དང་རྒྱ་ནག་གི་འབྲེལ་ལམ་གྱི་གནད་དོན་ལ་དོ་སྣང་སྤྲད་དགོས་རྒྱུ་གལ་ཆེ་ཡིན་པ། དེ་བཞིན་ཁོང་བསྐོ་གཞག་བྱ་རྒྱུའི་ཐོག་ཨ་རིའི་གཞུང་ཚབ་ལས་ཁུངས་ཀྱི་རྒྱབ་སྐྱོར་བྱེད་བཞིན་པ་སོགས་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཡོད་མིན་གྱི་གནད་དོན་ཁ་གསལ་བཟོ་དགོས་པ་སོགས་བརྗོད་ཀྱི་ཡོད་འདུག

པར། The Kathmandu Post

ཡིན་ནའང་བཀྲ་ཤིས་ལྷ་འཛོམས་ལ་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས། ཁོང་གི་སྐོར་ལ་བཤད་པ་དེ་དག་ནི་བལ་ཡུལ་གྱི་གྲངས་ཉུང་མི་རིགས་ཀྱི་གཞོན་སྐྱེས་བུད་མེད་ཅིག་ལ་གཞི་མེད་སྐྱོན་བརྗོད་དང་ཆབ་སྲིད་ཀྱི་དམིགས་ཡུལ་ཐོག་ནས་བཤད་པའི་སྐད་ཆ་ཡིན་པ་ལས། གཞི་རྩ་གང་ཡང་མེད་པ་དང་། ཁོང་གི་རྒྱབ་སྐྱོར་བ་རྣམས་ནས་ཁོར་ཡུག་སྲུང་སྐྱོབ་དང་བལ་ཡུལ་གཞུང་འཛིན་ནང་དུ་ལེགས་སྐྱེས་འབུལ་ཐུབ་པའི་ཆོད་སེམས་དང་གདེང་སྤོབས་ཆེན་པོ་ཡོད་པ་བརྗོད་འདུག
དེ་སྔོན་བལ་ཡུལ་ནང་མི་མང་གིས་ངོ་རྒོལ་དང་སྲིད་གཞུང་མགོ་རྟིང་བསྒྱུར་བའི་སྐབས་སུ་དགོངས་པ་ཞུ་དགོས་བྱུང་བའི་སྲིད་བློན་(KP Sharma Oli)ཡིས་གཙོས་པའི་མི་མང་དག་ཅིག་གིས་བལ་ཡུལ་གཞོན་སྐྱེས་ལས་འགུལ་ནང་དུ་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ཡོད་པའི་སྐོར་ལ་གླེང་སློང་ཤུགས་ཆེ་བྱུང་བའི་ཁྲོད། མི་རེ་འགའ་ཡིས་དེའི་ནང་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཡོད་པ་ཡང་བཤད་མཁན་བྱུང་ཡོད་འདུག་ཀྱང་། ད་བར་ཁ་གསལ་པོ་དང་ཁུངས་སྐྱེལ་ཐུབ་པའི་གནད་དོན་གང་ཡང་བཤད་ཐུབ་མཁན་བྱུང་མི་འདུག
དེའི་ཁྲོད་ཉེ་ཆར་བལ་པོའི་གསར་འགོད་པ་(Diwakar Shah)ཟེར་བ་ཞིག་གིས་(HTP Khabar)ཞེས་པའི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བ་ཞིག་ལ། ད་ལྟའི་ཆར་དྲ་རྒྱའི་ཐོག་བརྒྱུད་སྤེལ་ཤུགས་ཆེ་འགྲོ་བཞིན་པའི་ནང་དུ། ཉེ་ཆར་ངོ་རྒོལ་སྐབས་སྟོད་གོས་ནག་པོ་གྱོན་པ་དང་དེའི་ཐོག་ལ་(TOB)ཞེས་བྲིས་པའི་གཞོན་སྐྱེས་ཁག་གཅིག་གིས་ངོ་རྒོལ་སྐད་འབོད་བྱེད་བཞིན་པ་དང་། ཡང་བརྙན་ཐུང་གཞན་ཞིག་གི་ནང་དུ་(TOB)སྟོད་གོས་གྱོན་པའི་གཞོན་སྐྱེས་ཤིག་གིས་མེ་མདའ་ཁྱེར་ནས་ཡོད་པ་བསྟན་ནས་(TOB)ཞེས་པའི་ཚོགས་པ་དེ་ནི་(Tibetan Origin Blood)ཞེས་བོད་པ་དང་འབྲེལ་བའི་ཚོགས་པ་ཞིག་ཡིན་ཚུལ་དང་འབྲེལ། བལ་ཡུལ་གྱི་ངོ་རྒོལ་ནང་དུ་བོད་མིའི་ལག་འབྲེལ་ཡོད་པ་བསྟན་ཐབས་བྱས་ཡོད་འདུག
ཡིན་ནའང་དེ་རིང་བལ་ཡུལ་ནང་གི་(The Kathmandu Post)ཞེས་པའི་བརྒྱུད་ལམ་ཆེ་གྲས་ཀྱིས་སྤེལ་བའི་གནས་ཚུལ་ནང་དུ། (TOB)ཞེས་པ་དེ་ནི་(The Original Brothers)ཞེས་པའི་སྦག་སྦག་གཏོང་མཁན་གྱི་རུ་ཁག་ཅིག་ཡིན་པ་དང་། རུ་ཁག་དེས་བལ་ཡུལ་ནང་ངོ་རྒོལ་བྱུང་དུས་ཆ་ཤས་བླངས་ཡོད་ཀྱང་། མེ་མདའ་ཁྱེར་བའི་བརྙན་དེ་ནི་དེ་སྔ་རུ་ཁག་དེའི་གླུ་གཞས་ཀྱི་བརྙན་ཐུང་བཟོས་པའི་ཆ་ཤས་ཤིག་ཡིན་པ་དང་། ཚོགས་པ་དེ་དང་བོད་རང་དབང་གི་ལས་འགུལ་བ་དང་ལྷན་དུ་འབྲེལ་བ་གང་ཡང་མེད་པ་གསལ་སྟོན་བྱས་ཡོད་འདུག
དེ་བཞིན་བལ་ཡུལ་གྱི་(Tech Pana)ཞེས་པའི་དྲ་རྒྱའི་གནས་ཚུལ་རྟོག་ཞིབ་བྱེད་མཁན་གྱི་བརྒྱུད་ལམ་ཞིག་གིས་ཀྱང་། (TOB)ཟེར་བའི་རུ་ཁག་དེ་ནི་སྦག་སྦག་གཏོང་མཁན་གྱི་རུ་ཁག་ཅིག་ཡིན་པ་དང་། ཚོགས་པ་དེའི་སྤྱི་ཚོགས་དྲ་ལམ་གྱི་ཁ་བྱང་དེ་ཡང་ལོ་སྔོན་མ་ཕྱི་ཟླ་༣ པའི་ནང་དུ་གསར་བཟོ་བྱས་པ་ཞིག་ཡིན་པ་མ་ཟད། ཚོགས་པ་དེའི་མིང་ལ་(The Original Blood)ཞེས་བཏགས་ཡོད་པ་སོགས་ཁུངས་སྐྱེལ་བྱས་འདུག རྩ་བའི་(TOB)རུ་ཁག་གི་སྐོར་ལ་ཐོག་མར་གནས་ཚུལ་བརྒྱུད་སྤེལ་བྱེད་མཁན་གྱི་གསར་འགོད་པ་(Diwakar Shah)ཟེར་བ་དེས་ད་ལྟའི་ཆར་ཁོང་ལ་(TOB)རུ་ཁག་གི་ཚོགས་མི་རྣམས་ཀྱིས་སྡིགས་ར་སྐུལ་བཞིན་ཡོད་སྐོར་དང་འབྲེལ། ཁོང་གི་སྲོག་ལ་ཉེན་ཁ་ཡོད་པ་བརྗོད་བཞིན་ཡོད་ཀྱང་། ད་ལྟ་ནས་ཟླ་བ་གསུམ་ཙམ་གྱི་གོང་ལ་བལ་ཡུལ་དུ་ངོ་རྒོལ་གྱི་གནས་ཚུལ་རིགས་གང་ཡང་མ་བྱུང་བའི་སྔོན་ལ་ཁོང་གིས་བལ་ཡུལ་གྱི་ས་ཁུལ་གཞན་ཞིག་གི་གནས་ཚུལ་སྤེལ་བའི་སྐབས་སུའང་ཁོང་གི་སྲོག་ལ་ཉེན་ཁ་ཡོད་པ་བརྗོད་མྱོང་ཡོད་འདུག།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།