བུ་ཁྲིད་དཀར་པོ་ཆེ་ལགས་ཀྱི་གསུམ་བཅུའི་དུས་དྲན་དང་འབྲེལ་བའི་གཏམ་བཤད།
ཕྱི་ཟླ་༣ པའི་ཚེས་༡༠ སྟེ་བོད་མིིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ནས། ཆེས་ཨོན་ཌ་རོའི་གྲོང་སྡེའི་གྲོས་ཚོགས་ནང་གསུམ་བཅུའི་དུས་དྲན་དང་འབྲེལ་བོད་དོན་སྐོར་གཏམ་བཤད་ཅིག་གནང་འདུག

སྐབས་དེར་ཁོང་གིས། ཕྱི་ཟླ་༣ ཚེས་༡༠ འདི་ནི་རྒྱ་ནག་གཞུང་གིས་བོད་དེ་ཁྲིམས་འགལ་གྱི་ཐོག་ནས་བཙན་བཟུང་བྱས་ཏེ་མི་ལོ་༦༥ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་རེད། ད་ལྟའི་ཆར་བོད་དེ་དམག་དཔུང་གིས་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་པའི་གནས་སྟངས་འོག་ཏུ་ཡོད་པ་དང་། འདས་པའི་ཕྱི་ལོ་༢༠༠༨ ནས་ད་བར་བོད་མི་༡༦༠ ཡིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གི་བོད་མིའི་ཐོག་བཙན་གནོན་རང་བཞིན་ཅན་གྱི་སྲིད་བྱུས་རྣམས་ལ་ངོ་རྒོལ་བྱས་པ་རེད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་རྒྱ་ནག་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་གྱིས་བཅུག་ནས། བྱིས་པའི་ཕ་མ་དང་བོད་ཀྱི་རིག་གཞུང་ལས་ཁ་བྲལ་བཏང་ཞིང་། བོད་མི་རྒྱ་མིར་སྒྱུར་ཐབས་བྱེད་བཞིན་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་ཡོད་པ་རེད་ཅེས་དང་། ཉེ་ཆར་ཁམས་སྡེ་དགེའི་ནང་རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞིའི་ཆེད་དུ་བོད་མིའི་སྡོད་གནས་དུ་མ་དང་དགོན་པ་དྲུག་ཙམ་གནས་སྤོ་དགོས་པའི་བཙན་བཀའ་ལ། བོད་མི་ཚོས་ངོ་རྒོལ་བྱེད་དུས་ཉིན་གཅིག་གི་ནང་བོད་མི་སྟོང་ཕྲག་གཅིག་འཛིན་བཟུང་བྱས་ཡོད་པ་རེད། དེའི་ནང་ནས་དབོན་སྟོད་དགོན་པ་མཚོན་ན་དུས་རབས་༡༤ པའི་ནང་གསར་བཞེངས་མཛད་པའི་ལོ་རྒྱུས་རང་བཞིན་ཅན་གྱི་དགོན་པ་ཞིག་ཡིན་ཡང་། རྒྱ་གཞུང་གིས་བཙན་གྱིས་གནས་སྤོ་དགོས་པའི་བཀའ་བཏང་ཡོད་པ་རེད། དྲྭ་ཐོག་ཏུ་མཐོང་རྒྱུ་ཡོད་པའི་བོད་མི་ཞི་བའི་ངོ་རྒོལ་བ་ཚོ་ལ་རྒྱ་ནག་གཞུང་གིས་དྲག་པོའི་ཐོག་ནས་མནར་གཅོད་གཏོང་སྟངས་དེ་ནི་ཚད་ལས་བརྒལ་བ་ཞིག་རེད། ཨ་རིའི་རང་དབང་ཁང་པའི་(Freedom House)འདི་ལོའི་སྙན་ཐོའི་ནང་བོད་ནི་ལོ་བསྟུད་མར་ཆེས་རང་དབང་ཆུང་ཤོས་གཅིག་ཡིན་པར་བརྗོད་ཡོད། འོན་ཀྱང་། གཞིས་ལུས་བོད་མི་ཚོས་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཀྱི་སྲུང་སྐྱོབ་ཆེད་དུ་ཁོང་ཚོའི་བློས་བཏང་དང་སྙིང་སྟོབས་ནི་སྔར་ལས་ཇེ་ཆེ་རེད། ངས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་བརྗོད་འདོད་པ་ཞིག་ལ། རྒྱ་ནག་གཞུང་གིས་གང་མགྱོགས་བོད་མི་ཞི་རྒོལ་བ་ཚོ་གློད་བཀྲོལ་གཏོང་དགོས་པ་དང་། བོད་ནང་རང་དབང་སྤྲོད་དགོས་པར་རྗོད་རོགས་ཞེས་བཤད་ཀྱི་ཡོད་ཅེས་བརྗོད་འདུག།
གསར་འགོད་པ། བསོད་ནམས་ཕུན་ཚོགས།