བུད་མེད་ནུས་སྟོབས་སྤེལ་བར་ཐོག་མར་ཕོ་མོ་འདྲ་མཉམ་མེད་པ་ཁས་ལེན་དགོས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༢༧ ཉིན་དྷ་སར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཏེ། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་བྱས་པའི་༼བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་ཀྱི་སྲིད་ཇུས་༽ཐད་ལ་སྤྱི་མང་གི་སྐུལ་འདེབས་ཞེས་པའི་བསམ་འཆར་ཕུལ་རྒྱུ་ཡིན་སྐོར་གསུངས་སོང་།
དེ་ཡང་འདི་ལོའི་ཕྱི་ཟླ་༦ ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འགྲོ་བ་མའི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་སྐོར་གྱི་ཟབ་སྦྱོང་ཞིག་དྷ་སར་འཚོགས་ཡོད་པ་དང་། དེའི་ནང་ཉམས་ཞིབ་པ་དང་སློབ་མ། ཚོང་ལས་པ། ཞིང་པ་བཅས་ལོ་ན་༡༥ ནས་༥༠ བར་གྱི་བུད་མེད་༣༠ ཙམ་ཚོགས་ཞུགས་བྱས་ཡོད་འདུག སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་སྡེ་ཚན་ལ། བོད་ཀྱི་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་གཏོང་ཐབས་ཀྱི་སྲིད་ཇུས་འབྲེལ་བའི་ཐོག་གནད་དོན་དྲུག་སྐུལ་འདེབས་བྱེད་རྒྱུ་ཡིན་སྐོར་ལྟེ་གནས་ཁང་དེའི་ཉམས་ཞིབ་པ་ཟླ་བས་གསུངས་སོང་།
ལྟེ་གནས་ཁང་དེའི་འགན་འཛིན་ཚེ་རིང་མཚོ་མོས་འགྲེལ་བརྗོད་གནང་དོན། བུད་མེད་ཀྱི་སྲིད་ཇུས་དེ་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞིའི་འོག་ཏུ་བཟོ་དགོས་པ་གལ་ཆེན་པོ་ཡིན་པ་དང་། བུད་མེད་ཐོབ་ཐང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡིན་སྐོར། བུད་མེད་ནུས་སྟོབས་ཆེད་བྱས་བཞག་པ་ཙམ་མ་ཡིན་པར་སྟོང་ཆ་གང་ཡོད་ཤེས་རྟོགས་དགོས་པ་དང་། མཐུན་རྐྱེན་བསྐྲུན་ཕྱོགས་སོགས་སྒྲའི་ནང་དུ་བསྡུས་བཞག་པ་ཁ་གསལ་དགོས་སྐོར་འགྲེལ་བརྗོད་གནང་སོང་།
ཟབ་སྦྱོང་ཐོག་བསམ་ཚུལ་སྐུལ་འདེབས་དང་པོ་དེ། ཕོ་མོ་འདྲ་མཉམ་མེད་པ་ཁས་ལེན་དགོས་དང་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞིའི་ཐོག་སྲིད་ཇུས་བཟོ་རྒྱུ་གལ་ཆེན་ཡིན་པ། གཉིས་པ་སྲིད་ཇུས་བཟོས་ཡོད་པ་དེ་ལག་བསྟར་བྱེད་ཀྱི་ཡོད་མེད་དང་ཕན་ཐོགས་ཡོད་མེད་ལ་སྟངས་འཛིན་བྱེད་མཁན་དང་དུས་བཀག་བསྐྱར་ཞིབ་དགོས་པ། གསུམ་པ། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་ཤུགས་གོང་སྤེལ་སྡེ་ཚན་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་མཉམ་འབྲེལ་དང་བསམ་ཚུལ་བསྡུ་ལེན་དགོས་པ། བུད་མེད་ནུས་ཤུགས་སྐོར་ལ་ལས་ཀ་བྱེད་མཁན་ཚོར་རོགས་རམ་དགོས་པ། བཞི་པ། བུད་མེད་ལ་བཙན་གཡེམ་དང་དྲག་སྤྱོད་སྐོར་སྲིད་ཇུས་ནང་འཁོད་ཡོད་པས། དེའི་རིགས་སྔོན་འགོག་ཡོང་ཐབས་སུ་འཆར་གཞི་དགོས་པ། གནད་དོན་དེའི་རིགས་བྱུང་སྐབས་ནག་ཉེས་ཅན་དུ་ངོས་འཛིན་ཐུབ་རྒྱུར་འཆར་གཞི་དགོས་པ། ལྔ་པ། བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་ཤུགས་གོང་སྤེལ་སྡེ་ཚན་ཡོད་པ་ཙམ་མ་ཡིན་པར། ལག་བསྟར་གྱི་དབང་ཚད་དང་མཐུན་རྐྱེན་ཡོད་པའི་ལས་ཁུངས་སམ་ལས་བྱེད་དགོས་པ། གྲོས་ཚོགས་ནང་དུ་ཡང་དེའི་རིགས་ལ་སྡེ་ཚན་བཟོས་ཆོག་པ། དྲུག་པ། བུད་མེད་ག་འདྲ་དགོས་མིན་དང་བུ་ག་འདྲ་དགོས་མིན་དབྱེ་བ་བཀལ་བ་སྲིད་ཇུས་ནང་འགྲེལ་བཤད་བཟོས་བཞག་པ་དེ་མི་འགྲིག་པར། ཐ་སྙད་ལ་གཟབ་དགོས་པ་བཅས་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
