བུད་མེད་སློབ་མ་མེར་བསྲེགས་པ་དང་འབྲེལ་ནས་མི་༡༥ ལ་སྲོག་ཁྲིམས་བཅད།

རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་ཌེ་ཤིའི་ནང་དུ། བུད་མེད་སློབ་མ་རང་ལོ་༡༩ སོན་པ་ཞིག་མེར་བསྲེགས་བཏང་ནས་རང་སྲོག་ཤོར་བ་དང་འབྲེལ་ནས། ཁྲིམས་ཁང་ཞིག་གིས་མི་༡༦ ལ་སྲོག་ཐོག་ཁྲིམས་ཆད་བཏང་འདུག་པ་དང་།  དེ་དག་ནང་སློབ་མ་དེའི་དགེ་རྒན་དང་སློབ་གྲྭའི་དགེ་ཆེ་སོགས་ཡོད་འདུག 

ཟླ་༡༠ པའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དེ་ཡང་འདི་ལོའི་ཟླ་༣ པའི་ཟླ་མཇུག་ཏུ་བྷང་ལ་ཌེ་ཤིའི་གྲོང་སྡེ་ཆུང་ཆུང་ཧྥེ་ནི་ཞེས་པའི་ནང་གི་བུད་མེད་སློབ་མ་རང་ལོ་༡༩ སོན་པ་ནུ་སེ་རཌ་ཇཱ་ཧན་ར་ཧྥི་ཞེས་པས། ཁུལ་དེའི་ཉེན་རྟོག་པར་རང་གི་སློབ་གྲྭའི་དགེ་ཆེ་ཡིས་ཚུལ་མིན་ཐོག་ནས་ཁོང་གི་ལུས་པོར་རེག་ཐུག་ཡང་ནས་ཡང་དུ་བྱས་ཡོད་པའི་ཞུ་གཏུག་བྱས་ཡོད་འདུག དེའི་རྗེས་ཀྱི་ཉིན་གྲངས་༡༡ རྗེས་སུ་སློབ་གྲྭའི་ཁང་བརྩེགས་ཀྱི་ཐོག་ཏུ་ཁོང་མགོ་སྐོར་བཏང་ནས་ཁྲིད་ནས། དེ་གར་ཁ་ཆེའི་བུད་མེད་ཀྱི་གདོང་ཁེབས་གྱོན་མཁན་མི་བཞི་ལྔ་ཞིག་གིས་མཐའ་བསྐོར་ནས། དགེ་ཆེར་ཚུལ་མིན་རེག་ཐུག་གི་ཞུ་གཏུག་ཕྱིར་འཐེན་བྱེད་དགོས་པའི་སྡིགས་བསྐུལ་བྱས་འདུག མོས་ཁས་ལེན་མ་བྱས་སྟབས་མོའི་ལག་པ་དང་རྐང་པ་རས་དཀྲིས་ཀྱིས་བསྡམས་ནས་ལུས་པོ་མེར་བསྲེགས་བཏང་འདུག ཉེན་རྟོག་པས་བརྗོད་དོན་ལྟར་ན། ཉེས་ཅན་པ་དེ་དག་གིས་མོ་རིང་གིས་རང་སྲོག་བཅད་པའི་རྣམ་པ་སྟོན་ཐབས་བྱས་ཀྱང་། མོ་བྲོས་ཐར་ནས་མི་གཞན་གྱི་རོགས་པ་རག་ཐུབ་པ་བྱས་འདུག མོས་རང་ཉིད་ཀྱི་ལུས་པོ་ཕལ་ཆེ་བ་མེས་ཚིགས་ཡོད་པ་དང་གསོན་པོ་གནས་ཐབས་ཁག་པོ་ཡིན་པ་ཤེས་ནས། གནས་ཚུལ་གང་བྱུང་བ་རྣམས་བརྙན་ཐུང་ཐོག་ཏུ་བཤད་ཡོད་པ་དང་། ཉིན་བཞི་ཡི་རྗེས་སུ་གྲོངས་ཡོད་འདུག བརྙན་ཐུང་ནང་དུ་མོས་དྲག་སྤྱོད་སྤེལ་མཁན་ཁག་ཅིག་མིང་འདོན་ཡང་བྱས་འདུག 

བྷང་ལ་ཌེ་ཤི་ནང་དུ་བུད་མེད་ལ་འཁྲིག་སྤྱོད་ཀྱི་བརྙས་བཅོས་ཀྱི་གནོད་འཚེ་ཁྱབ་ཆེན་པོ་འབྱུང་གི་ཡོད་འདུག་པ་དང་། ལོ་འདིར་ཉམས་ཞིབ་གཅིག་གི་གྲུབ་དོན་དུ་རྒྱལ་ཁབ་དེའི་གྱོན་ཆས་བཟོ་སྐྲུན་སྡེ་ཚན་ནང་ལས་ཀ་བྱེད་མཁན་བུད་མེད་བརྒྱ་ཆ་༨༠ ལ་འཁྲིག་སྤྱོད་ཀྱི་དྲག་པོའི་གནོད་འཚེ་མྱངས་མྱོང་བའམ་མཐོང་མྱོང་ཡོད་པ་རེད་འདུག འོན་ཀྱང་རྒྱལ་ཁབ་དེའི་ནང་གནས་ཚུལ་དེ་རིགས་ཞུ་གཏུག་བྱེད་མཁན་ཉུང་ཉུང་ཡིན་ཁར། དེ་ལྟར་བྱས་ཚེ་སོ་སོ་ལ་ཡང་སྤྱི་ཚོགས་ནས་ལྟ་སྟངས་སྡུག་ཆག་དང་། དྲ་ཐོག་དང་དངོས་སུ་སུན་གཙེར་བཟོ་བ། སྐབས་རེ་རྡུང་རྡེག་མྱངས་བ་སོགས་འབྱུང་གི་ཡོད་འདུག་པས། བུད་མེད་སློབ་མ་ནུ་སེ་རཌ་ཡིས་ཉེན་རྟོག་པར་ཞུ་གཏུག་བྱས་སྐབས། མོའི་སྐད་ཆ་དེ་བརྙན་འཇུག་བྱས་ཡོད་པ་དང་། རྗེས་སུ་བརྙན་དེ་བརྒྱུད་ལམ་ཁག་ལ་ཕྱིར་གྱར་སོང་ནས་ཁྱབ་སྤེལ་ཆེན་པོ་བྱུང་འདུག 

བུད་མེད་སློབ་མ་དེར་འཁྲིག་སྤྱོད་གནོད་འཚེ་བཏང་བ་མ་ཟད། གནས་ཚུལ་དེ་སྦས་ཐབས་བྱས་ཏེ་མོའི་སྲོག་བཅད་པའི་གནད་དོན་དེར། མི་མང་གིས་མོ་ལ་དྲང་བདེན་སྤྲད་དགོས་པའི་ངོ་རྒོལ་ལས་འགུལ་ཁྱབ་ཆེན་སྤེལ་བས། གཞུང་ལ་ཡང་གནོན་ཤུགས་སླེབས་ཡོད་པ་དང་། ཐོག་མར་ཉེན་རྟོག་པས་ཀྱང་གནས་ཚུལ་དེ་འདྲ་བྱུང་ཡོད་པ་ཁས་ལེན་བྱས་མེད་ཀྱང་། རྗེས་སུ་གནོན་ཤུགས་སླེབས་ནས་ཟླ་༥ པའི་ནང་མི་སྣ་༡༦ འཛིན་བཟུང་བྱས་ཏེ་ཉེས་འཛུགས་བྱས། དེ་རྗེས་ཟླ་བ་༦ མ་ཟིན་ཙམ་གྱི་རྗེས་སུ་ཁྲིམས་ཁང་གིས་མི་སྣ་དེ་དག་ལ་ཁྲིམས་ཐེག་བཅད་ཡོད་པས། ད་བར་རྒྱལ་ཁབ་དེའི་ནང་ཁྲིམས་ཐག་བཅད་མགྱོགས་ཤོས་གྲས་ཡིན་འདུག དེ་ཡང་རྒྱུན་དུ་གནས་ཚུལ་དེ་རིགས་ལ་ཁྲིམས་ཐག་ཆོད་པར་ལོ་ནས་ལོ་འགོར་གྱི་ཡོད་འདུག 

སྲོག་ཐོག་ཁྲིམས་ཆད་ཕོག་པའི་ཉེས་ཅན་པ་དེ་དག་ཁྲོད་དུ། སློབ་གྲྭའི་དགེ་ཆེ་ཚུད་པའི་དགེ་རྒན་གཞན་གཉིས། དེ་བཞིན་གཞུང་འཛིན་ཚོགས་པའི་ཚོགས་མི་ཡིན་པའི་ཁུལ་དེའི་འགོ་ཁྲིད་གཉིས། བུད་མེད་དེའི་འཛིན་གྲོགས་བུད་མེད་གཉིས་སོགས་ཡོད་འདུག དེ་བཞིན་ཁུལ་དེའི་ཉེན་རྟོག་པ་ཁག་ཅིག་གིས་ཉེས་ཅན་པ་དང་ངན་པ་ལག་འབྲེལ་གྱིས་བུད་མེད་སློབ་མ་དེས་རང་སྲོག་བཅད་པ་ཡིན་པའི་དཀྲོག་གཏམ་སྤེལ་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།