བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་གློད་བཀྲོལ་བཏང་འདུག

འདས་པའི་མི་ལོ་དུ་མའི་རིང་རྒྱ་ནག་གིས་བཙོན་འཇུག་བྱས་པའི་བོད་པའི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་ཉེ་ཆར་གློད་བཀྲོལ་བཏང་ཡོད་འདུག སྤྱིར་བཏང་ཁོང་གི་བཙོན་འཇུག་གི་དུས་ཡུན་དེ་ཕྱི་ལོ་༢༠༢༥ ལོའི་ཕྱི་ཟླ་༩ པའི་ནང་རྫོགས་ཀྱི་ཡོད་ནའང་། རྒྱ་གཞུང་གིས་ཨ་ཉག་སེང་སྒྲ་ཡིས་བཙོན་ཁང་ནང་ཁྲིམས་འགལ་བྱས་པའི་ཉེས་འཛུགས་འོག བཙོན་འཇུག་གི་དུས་ཡུན་ཕྱི་ལོ་༢༠༢༦ ཕྱི་ཟླ་༢ པའི་བར་ཕར་འགྱངས་བྱས་ཏེ། ཉེ་ཆར་ཚེས་༧ ཉིན་གློད་བཀྲོལ་བཏང་ཡོད་པ་རེད།

Screenshot

ཕྱི་ལོ་༢༠༢༦ ཟླ་བ་༢ ཚེས་༨ ཉིན་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་༧ ཉིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ་རྒྱ་ནག་གིས་བཙོན་ཁང་ནས་གློད་བཀྲོལ་བཏང་རྗེས་རང་ཁྱིམ་དུ་འབྱོར་ཡོད་པ་ལས་གཞན་གནས་ཚུལ་ཁ་གསལ་གང་ཡང་མེད་པ་བརྗོད།

ཨ་ཉག་སེང་སྒྲ་ནི་བོད་ནང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་ལས་གཞི་དང་དཔལ་འབྱོར་ཡར་རྒྱས་ལ་ཁ་གཡར་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚད་མེད་གཏོང་གི་ཡོད་པར་བརྟེན། ཁོང་གིས་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་དང་བོད་ནང་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོའི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་པ་བརྟེན།  ཕྱི་ལོ་༢༠༡༨ ལོར་ཁོང་ལ་སྤྱི་ཚོགས་བརྟན་ལྷིང་དཀྲུག་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད། ཕྱི་ལོ་༢༠༡༩ ལོར་རྒྱ་ནག་གཞུང་གིས་ཁོང་ལ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་གི་ཁྲིམས་ཆད་ཀྱི་དུས་ཡུན་དེ་ཕྱི་ལོ་༢༠༢༥ ལོའི་ཟླ་བ་༩ ནང་རྫོགས་ཀྱི་ཡོད་ནའང་། རྒྱ་ནག་གཞུང་གིས་ཁོང་གིས་བཙོན་ཁང་ནང་ཁྲིམས་འགལ་བྱས་ཡོད་ཚུལ་བརྗོད་དེ་བཙོན་འཇུག་དུས་ཡུན་ཕར་འགྱངས་ཀྱིས་ཕྱི་ལོ་༢༠༢༦ ཟླ་༢ ཚེས་༧ བར་བཀག་ཉར་བྱས་ཡོད།

ཁོང་ད་ཆར་རང་གི་ཕ་ཡུལ་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་རང་ཁྱིམ་དུ་འབྱོར་ཡོད་ཀྱང་། འཕྲོད་བསྟེན་གནས་སྟངས་དང་འགྲོ་འདུག་གི་རང་དབང་ཡོད་མེད་སོགས་ཀྱི་སྐོར་ལ་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་བརྗོད། ཨ་ཉག་སེང་སྒྲ་ཐོག་མ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་སྐབས། བོད་པའི་ཚོགས་པ་ཁག་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ཁོང་གང་མགྱོགས་གློད་བཀྲོལ་དགོས་པའི་ལས་འགུལ་རིམ་པ་སྤེལ་ཡོད། ཕྱི་ལོ་༢༠༢༢ ལོར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྙིང་སྟོབས་གཟེངས་རྟགས་ཐེངས་༧ པ་དེ་ཁོང་ལ་ཕུལ་ཡོད།

གསར་འགོད་པ། བསོད་ནམས་ཕུན་ཚོགས།