བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ཀྱི་མིང་ཐོག་ནས་ལག་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་བྱ་རྒྱུ།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲྭ་ངོས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ཀྱི་ཁོར་ཡུག་དང་རིག་དངོས་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ཀྱི་མིང་ཐོག་ནས་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་གོ་སྒྲིག་བྱ་རྒྱུ་ཡིན་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ཀྱི་འཁོར་ཡུག་དང་རིག་དངོས་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ཀྱི་མིང་ཐོག་ནས་ཨ་རིའི་མངའ་སྡེ་མི་ནི་སོ་ཊ་ལ་ཆེས་ཐོག་མའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་ཕྱི་ལོ་༢༠༢༤ ཟླ་༡ ཚེས་༢༧ ནས་ཉིན་གྲངས་གཉིས་ཀྱི་རིང་གོ་སྒྲིག་བྱ་རྒྱུ་ཡིན་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲྭ་རྒྱའི་ཐོག་གསལ་བསྒྲགས་སྤེལ་གསལ་ལྟར་ན། ལག་རྩེད་སྤོ་ལོའི་འགྲན་བསྡུར་ནང་། སྤོ་ལོའི་རུ་ཁག་༡༠ མཉམ་ཞུགས་བྱེད་ཆོག་པ་དང་ཐོ་འགོད་བྱེད་པར་རུ་ཁག་རེ་རེས་ཨ་སྒོར་$༣༠༠ སྤྲད་དགོས་ཀྱི་ཡོད་འདུག རྩེད་འགྲན་གྱི་རྒྱལ་ཁ་ཨང་དང་པོ་ཐོབ་མཁན་ལ་ཨ་སྒོར་༢༠༠༠ རེ་བྱ་དགའ་སྤྲད་རྒྱུ་རེད་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ཀྱི་འཁོར་ཡུག་དང་རིག་དངོས་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ཀྱི་མིང་ཐོག་ནས་རྩེད་འགྲན་དེ་གོ་སྒྲིག་བྱས་ཏེ། བོད་ཀྱི་འཁོར་ཡུག་དང་རིག་དངོས་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ཀྱི་ཐོག་ལ་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་ཁོང་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་འདོན་རྒྱུ་ཡིན་འདུག
རྩེད་འགྲན་དེ་བརྒྱུད་ནས་མཁོ་སྒྲུབ་བྱས་པའི་དངུལ་དག་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཞུ་གཏུག་དང་སྤྱི་ཚོགས་ནང་ལས་དོན་གཉེར་རྒྱུ་སོགས་ལ་བེད་སྤྱོད་གཏོང་རྒྱུ་ཡིན་འདུག

ཕྱི་ལོ་༢༠༡༠ ཟླ་༡ པའི་ནང་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་གནའ་རྫས་ལྐོག་སྔོག་གི་ནག་ཉེས་བཙུགས་ནས་བོད་ཀྱི་འཁོར་ཡུག་དང་རིག་དངོས་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་འཛིན་བཟུང་བྱས་ནས་ལོ་ངོ་༡༥ རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག་པ་དང་། ལོ་དེར་ཁོང་གི་བཟའ་ཟླ་སྒྲོལ་དཀར་མཚོས་ཁོང་ཉིད་ཁྲིམས་ར་འཚོགས་སར་མཐོང་དུས། ཧ་ལས་ཧང་སངས་བར་གྱུར་ཞིང་། “ཁོང་གི་སྐད་ངོ་མ་ཆོད་ན་ངས་ཁོང་རང་རྩ་བ་ནས་ངོ་ཤེས་ས་མ་རེད་”ཅེས་བརྗོད་ཡོད་འདུག
ཁོང་ཉིད་བཙོན་ཁང་དུ་བསྡད་པའི་རིང་། ཁོང་ལ་ཉིན་ལྟར་ཆུ་ཚོད་བཅུ་གྲངས་འགའ་ཤས་རིང་འདྲི་རྩད་བྱས་ཏེ་ཁྱོན་བསྡོམས་འདྲི་རྩད་ཐེངས་མ་༩༠ ་ལྷག་བྱས་ཡོད་འདུག དེའི་རིང་དུ་རྐུབ་སྟེགས་ཐོག་ཏུ་ཐེངས་མ་གསུམ་རང་བསྡད་བཅུག་པ་ཕུད། དེ་མིན་ཚང་མ་ཉེན་རྟོག་པས་ཁོ་པར་གནམ་ཐག་རྒྱག་པ་དང་ལག་པ་རྒྱབ་བཙིར་སློག་པ་ལ་སོགས་པའི་མནར་གཅོད་བཏང་བ་དང་། གཅར་རྡུང་མཚམས་དང་ཚོད་མེད་པ་བཏང་བས་དྲན་པ་ཡང་ཐེངས་མང་པོ་འཐོར་མྱོང་ཡོད་འདུག ཐ་ན་ཁོང་གི་སྣ་ཁུང་ནང་སྨན་རྫས་ཤིག་བཙན་གྱིས་བླུགས་པས་ཀླད་པར་བཟི་ཁ་སྟེར་བ་མ་ཚད། མགོ་ལས་ཁྲོག་ཁྲོག་གི་སྒྲ་སྒྲོགས་པ་དང་། མིག་དང་རྣ་བ་དག་ལས་ཀྱང་ཁྲག་དམར་འཛགས་མྱོང་ཡོད་འདུག
ཀརྨ་བསམ་གྲུབ་ཀྱིས། “ཁོང་ཚོས་བློ་ལ་ཤར་ཐུབ་ཚད་ཀྱི་མནར་གཅོད་སྡུག་སྦྱོང་གཏོང་སྟངས་དེ་དག་ངའི་ལུས་སེམས་གཉིས་ལ་བེད་སྤྱོད་བཏང་བྱུང་། རྒྱུ་མཚན་དེ་དག་གིས་ང་རང་ཡང་གསོན་པ་ལ་རེ་བ་ཆད་མྱོང་ཡོད། ངའི་སེམས་སུ་འཇིག་རྟེན་ནི་འདི་ལྟར་སྙིང་རྗེ་མེད་པ་དང་། མི་སེམས་ནི་འདི་ལྟར་ངམ་ནག་ཡིན་པ་མ་ཚད། ལོ་རྒྱུས་ཡང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་གི་ནང་དུ་ལོག་འདུག་བསམ་བྱུང་”ཟེར་མྱོང་ཡོད་འདུག
ཁོང་གིས་ཀྱང་རང་ཉིད་གསོན་དཀའ་བར་བསམས་ནས་ཁྱིམ་མི་རྣམས་ལ་ཁ་ཆེམས་ཤིག་ཀྱང་བྲིས་མྱོང་ཡོད་འདུག་ལ། ཁོང་གི་བཟའ་ཟླ་སྒྲོལ་དཀར་མཚོ་ཡང་ལུས་ཟུངས་ཟད་ནས་དྲན་པ་ཐེངས་འགའ་ཤས་འཐོར་མྱོང་ཡོད་འདུག ཁོང་ལ་ཁྲིམས་ཐག་བཅད་པའི་སྐབས་སུ་ཁྲིམས་རྩོད་པ་གཉིས་ཀྱང་བཟོད་བསྲན་མ་ཐུབ་པར་མཆི་མ་དབང་མེད་དུ་ཤོར་མྱོང་བའི་གནས་ཚུལ་སྤེལ་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།