བོད་ཀྱི་གནས་སྟངས་མ་རྟོགས་ན་རྒྱ་ནག་གི་སྐོར་ཆ་ཚང་བ་ཞིག་ནམ་ཡང་རྟོགས་ཐུབ་ཀྱི་མ་རེད།

ཉེ་ཆར་སྲིད་ཟུར་བློ་བཟང་སེང་གེ་ཨ་རུ་ན་ཅལ་གྱི་མངའ་སྡེའི་ཆོས་རིག་བློན་ཆེན་གྱིས་མགྲོན་འབོད་ཞུས་པ་ལྟར་ཨ་རུ་ན་ཅལ་དུ་ཕེབས་སྐབས། རྒྱ་གར་གྱི་གསར་ཁང་(ANI) ཡིས་བོད་རྒྱ་གཉིས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་བཅར་འདྲི་བྱས་ཡོད་འདུག སྐབས་དེ་དུས་སྲིད་ཟུར་ནས་ད་ལྟའི་བོད་ཀྱི་གནས་སྟངས་མ་རྟོགས་ན་རྒྱ་ནག་གི་སྐོར་ཆ་ཚང་བ་ཞིག་ནམ་ཡང་རྟོགས་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༤ ཉིན་རྒྱ་གར་གྱི་(ANI )གསར་ཁང་གིས་སྲིད་ཟུར་བློ་བཟང་སེང་གེར་བཅར་འདྲི་བྱས་པའི་བརྙན་ཞིག་དྲྭ་ལམ་ཐོག་ཏུ་སྤེལ་འདུག དེ་ནི་ཉེ་ཆར་སྲིད་ཟུར་བློ་བཟང་སེང་གེ་ཨ་རུ་ན་ཅལ་གྱི་མངའ་སྡེའི་ཆོས་རིག་བློན་ཆེན་གྱིས་མགྲོན་འབོད་ཞུས་པ་ལྟར་ཨ་རུ་ན་ཅལ་དུ་ཕེབས་སྐབས། གོང་གསལ་གྱི་གསར་ཁང་གིས་སྲིད་ཟུར་བློ་བཟང་སེང་གེར་བོད་རྒྱ་གཉིས་ཀྱི་གནད་དོན་དང་འབྲེལ་ནས་༧གོང་ས་མཆོག་དང་། རྒྱ་གར། ཨ་རི། ཐའེ་ཝན། རྒྱལ་སྤྱི་སོགས་ཀྱི་གནད་དོན་སྐོར་བཅར་འདྲི་བྱས་པ་ཞིག་རེད་འདུག གསར་ཁང་དེའི་གསར་འགོད་པ་(Smita Prakash)ཟེར་བའི་བུད་མེད་དེས། སྲིད་ཟུར་བློ་བཟང་སེང་གེ་སྒེར་གྱི་ལོ་རྒྱུས་དང་འབྲེལ་ནས་བཅར་འདྲི་བྱེད་དུས། སྲིད་ཟུར་ནས་རང་ཉིད་སྒེར་གྱི་ངོ་སྤྲོད་དང་སྦྲགས་ནས་(བཙན་བྱོལ་ནང་དམངས་གཙོའི་གཞུང་གསར་འཛུགས་དང་འཛིན་སྐྱོང་གང་འདྲ་དགོས་)ཞེས་པའི་དེབ་གཅིག་འབྲི་བཞིན་ཡོད་ཅེས་བརྗོད་གནང་སོང་། དེ་བཞིན་སྲིད་ཟུར་གྱིས་རྒྱ་ནག་གིས་བོད་བཙན་བཟུང་གང་འདྲ་བྱས་ཡོད་མེད་དང་། ༧གོང་ས་མཆོག་དབུས་པའི་བོད་མི་རྒན་རབས་པ་རྣམས་ཇི་ལྟར་རྒྱ་གར་ནང་བྲོལ་བྱོལ་དུ་ཡོང་ཡོད་པ། རྒྱ་གར་གཞུང་གིས་སྣེ་ལེན་ཇི་ལྟར་བྱས་མིན་སོགས་ཀྱི་སྐོར་ལ་ལན་གནང་འདུག

གསར་འགོད་པས་ཁྱེད་རང་རྒྱ་གར་ནང་སྐྱེས་ཤིང་རྒྱ་གར་ནང་དུ་སློབ་སྦྱོང་བྱས་པ་མ་ཟད། དེ་རྗེས་ཨ་རིའི་མཐོ་སློབ་གྲགས་ཅན་ཧ་ཝར་ནང་སློབ་སྦྱོང་བྱས་ཏེ། བསྐྱར་དུ་རང་གི་མི་རིགས་ཀྱི་ཆེད་དུ་རྒྱ་གར་དུ་ཕྱིར་ལོག་ནས་ཞབས་ཞུ་སྒྲུབ་རྒྱུའི་བསམ་བློ་དེ་གང་འདྲ་སླེབས་བྱུང་ཞེས་འདྲི་དུས། སྲིད་ཟུར་གྱིས་ང་ཚོ་ཆུང་དུས་ཀྱི་སྐབས་ནས་རྒྱ་ནག་ནི་ང་ཚོའི་དགྲ་བོ་ཡིན་པ་ཤེས་ཀྱི་ཡོད། ང་རང་ཆུང་དུས་ནས་ཕ་མ་དང་དགེ་རྒན་རྣམས་ཀྱིས་བསླབ་བྱ་རྒྱག་གི་ཡོད་པ་དང་། དེ་བཞིན་རྡོར་གླིང་དུ་སློབ་གྲྭ་འགྲོ་དུས་ནས་ང་ཚོ་བོད་པའི་སློབ་ཕྲུག་མཐུན་ཚོགས་ཚོས་གསུམ་བཅུའི་དུས་དྲན་སྐབས་དང་རྒྱ་མིའི་འགོ་ཁྲིད་རྒྱ་གར་ནང་ནམ་ཡོང་ལ་ངོ་རྒོལ་རྒྱག་གི་ཡོད། དེའི་རྗེས་སུ་ལྡི་ལིར་མཐོ་སློབ་འགྲོ་སྐབས་རྒྱ་ནག་གི་གཞུང་ཚབ་ཉེ་འཁོར་དང་རྒྱ་གར་གྱི་རྒྱལ་སྒོའི་འགྲམ། རྒྱ་ནག་གི་འགོ་ཁྲིད་ལྡི་ལིའི་ནང་གང་དུ་ཡོང་ནའང་ངོ་རྒོལ་བྱེད་རྒྱུ་ནི་རྒྱུན་ལྡན་ལྟ་བུ་རེད། སྐབས་རེར་ང་རང་ངོ་རྒོལ་དང་བོད་པའི་རྩ་དོན་ཆེད་དུ་ལས་འགུལ་རིགས་སྤེལ་ཏེ་མཐོ་སློབ་ཏུ་འགྲོ་རྒྱུ་ཉུང་དྲགས་ནས་མཐོ་སློབ་ཀྱི་སྤྱིའི་ཡིག་རྒྱུགས་གཏོང་མ་བཅུག་གྲབས་ཐེངས་མང་བྱས་མྱོང། དེ་བཞིན་ད་ལྟའི་བོད་པའི་སློབ་ཕྲུག་མཐུན་ཚོགས་ཀྱིས་ལས་འགུལ་སྤེལ་བ་བཞིན་ང་ཚོས་ཀྱང་ལོ་རྟག་པར་ཐེངས་མང་སྤེལ་མྱོང་ཡོད།

ཕྱིས་སུ་ང་རང་ལྡི་ལིའི་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཙོ་ཆགས་དུས་རང་ཉིད་ལས་འགུལ་བ་ཞིག་ཡིན་པ་མྱོང་ཚོར་བྱུང་། རྒྱུ་མཚན་ནི་རྒྱ་ནག་གིས་ང་ཚོའི་རྒྱལ་ཁབ་བཙན་བཟུང་བྱས་པ་རེད། བོད་ནང་ལོ་ངོ་སྟོང་ཕྲག་གོང་ནས་བདག་ཉར་བྱས་པའི་བོད་ཀྱི་དཔལ་ཡོན་དང། རིག་གཞུང་།  ལེགས་བྱང་། དགོན་པ་བརྒྱ་ཆ་༩༨ ཙམ་རྩ་གཏོར་བཏང་བ་རེད། བོད་མི་ས་ཡ་འགའ་ཤས་མི་སྤྱོད་ལས་འདས་པའི་དཀའ་སྡུག་ཁྲོད་ཚེ་སྲོག་ཤོར་ཡོད་པ་དང་། སྟོང་ཕྲག་ཁྲི་ཕྲག་མང་པོ་བརྡུངས་པ་དང་། ལྟོགས་ཤི་ཐེབས་པ། བཙོན་ཁང་ནང་ཤི་བ་སོགས་བོད་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་དཀའ་སྡུག་འཕྲད་ཡོད་པར་བརྟེན། ང་ཚོ་ནི་དཀའ་སྡུག་དེ་འདྲ་ཞིག་གི་ལོ་རྒྱུས་ཁྲོད་ནས་འཚར་ལོངས་བྱུང་བའི་མི་རབས་ཤིག་ཡིན་དུས། བོད་ནང་རང་དབང་མ་བྱུང་བར་རྒྱ་ནག་ལ་ངོ་རྒོལ་བྱེད་རྒྱུར་ཐེ་ཚོམ་མེད་ལ། འཐབ་རྩོད་བྱེད་རྒྱུ་ནི་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་འགན་འཁྲི་རེད་དྲན་གྱི་ཡོད། དགའ་འོས་པ་ཞིག་ལ་ད་ལྟའི་མི་རབས་ཀྱིས་རྒྱ་གར་རྒྱལ་ཡོངས་དང་རྒྱལ་སྤྱིའི་ནང་དུ་ལོ་རྟག་པར་གསུམ་བཅུའི་དུས་དྲན་དང་རྒྱ་མིའི་འགོ་ཁྲིད་ལ་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་ངོ་རྒོལ་བྱས་པའི་བརྒྱུད་ནས་གཞན་ལ་ཡང་རྒྱ་ནག་དང་ལྷན་དུ་འབྲེལ་འདྲིས་བྱེད་པ་ནི་ཧ་ཅང་གིས་ཉེན་ཁ་ཆེན་པོ་རེད་ཅེས་རྗོད་ཀྱི་ཡོད། ཐོག་མར་རྒྱ་ནག་དང་འབྲེལ་འདྲིས་མ་བྱས་སྔོན་རྒྱ་ནག་སྐོར་རྟོགས་དགོས། རྒྱ་ནག་གི་སྐོར་རྟོགས་པ་ལ་དང་ཐོག་བོད་ཀྱི་གནས་སྟངས་ཤེས་དགོས།

བོད་ཀྱི་ད་ལྟའི་གནས་སྟངས་མ་ཤེས་པར་རྒྱ་ནག་སྐོར་ཆ་ཚང་བ་ཞིག་རྟོགས་ཀྱི་མ་རེད་ཅེས་རྗོད་ཀྱི་ཡོད། འོན་ཀྱང་། ང་ཚོས་འདས་པའི་ལོ་ངོ་༦༠ རིང་དེ་ལྟར་བཤད་ཀྱང་ཉན་མཁན་མ་བྱུང་བ་རེད། ཕྱི་ལོ་༡༩༦༢ དང་༡༩༦༧། ཕྱི་ལོ་༢༠༡༧ ། ཕྱི་ལོ་༢༠༢༠ བཅས་ཀྱི་ནང་རྒྱ་དཀར་ནག་གི་བར་འབྲོག་ལམ་དང་གྷལ་ཝན་གྱི་དོན་རྐྱེན་སོགས་བྱུང་བ་རེད། དེ་བཞིན་ཕྱི་ལོ་༡༩༥༡ ནས་ད་ལྟ་བར་རྒྱ་གར་གྱི་ས་ཆ་ག་ཚོད་རྒྱ་མིའི་ལག་ཏུ་ཤོར་ཡོད་པ་རེད། ད་ཆར་རྒྱ་གར་གྱི་འབྲོག་ལམ་དང་གྷལ་ཝན་ཉེ་འཁོར་དུ་རྒྱ་ནག་གི་དམག་གི་རྟེན་གཞི་མང་པོ་གསར་དུ་བརྒྱབས་ཡོད་པ་དང་། ས་མཚམས་ལ་དམག་མི་སྟོང་ཚོ་མང་པོ་འཇོག་བཞིན་ཡོད་པར་བརྟེན། རྒྱ་གར་ལ་ཧ་ཅང་གིས་ཉེན་ཁ་ཆེན་པོ་ཆགས་ཡོད་ཅེས་བརྗོད། མུ་མཐུད་དུ། གསར་འགོད་པས་ཕྱི་ལོ་༢༠༡༧ ལོར་འབྲོག་ལམ་དོན་རྐྱེན་བྱུང་དུས་ཁྱེད་ཀྱིས་འདི་ལྟར་གསུངས་འདུག རྒྱ་དཀར་ནག་བར་དོན་རྐྱེན་བྱུང་བ་དེ་རྒྱ་ནག་གིས་བོད་ས་བཙན་འཟུང་བྱས་པར་བརྟེན་ད་ཆར་དཀའ་ངལ་དེ་འཕྲད་ཀྱི་ཡོད་རེད་ཅེས་གསུངས་འདུག དེ་བདེན་པ་རེད་དམ་ཞེས་འདྲི་དུས།
སྲིད་ཟུར་ནས་དེ་བདེན་པ་རེད། རྒྱུ་མཚན་ནི་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་སྔོན་ནས་འཆར་གཞི་བཟོས་ཟིན་པ་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་གལ་སྲིད་བོད་བཙན་བཟུང་བྱེད་ཐུབ་ན་བོད་ནི་ལག་མཐིལ་ལྟ་བུ་ཡིན་པས། དེའི་རྗེས་སུ་ལ་དྭགས་དང་། བལ་ཡུལ།  འབྲུག འབྲས་ལྗོངས། ཨ་རུ་ན་ཅལ་བཅས་བཙན་བཟུང་བྱེད་ཐུབ་ཀྱི་ཡོད་པར་བརྗོད་པ་བཞིན། ད་ཆར་རྒྱ་ནག་གིས་འཆར་གཞི་དེ་ཚོ་ལག་བསྟར་བྱེད་འགོ་འཛུགས་བཞིན་ཡོད།

དེ་བཞིན་ཕྱི་ལོ་༡༩༥༤ ལོར་རྒྱ་ནག་གིས་རྒྱ་གར་དང་ལྷན་དུ་(Pancheels Agreement )ཞི་བའི་གྲོས་མཐུན་ལྔ་བཞག་པ་དེ་ཡིས་རྒྱ་གར་ལ་མགོ་སྐོར་ཆེན་པོ་ཐེབས་ཡོད། གྲོས་མཐུན་དེ་བཞག་རྗེས་བོད་བཙན་བཟུང་བྱས་ཡོད་པ་རེད། དེ་ནས་ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་བར་དམག་འཁྲུག་བརྒྱབས་ནས་རྒྱ་གར་གྱི་ས་ཆ་ཕོན་ཆེན་རྒྱ་ནག་གིས་བཙན་འཕྲོག་བྱས་ཡོད། དེ་བཞིན་རྒྱ་ནག་གི་སྲིད་བློན་(Zhou Enlia)རྒྱ་གར་ནང་ལྟ་སྐོར་སླེབ་དུས། ཁོས་ཀ་ལི་ཀ་ཏའི་(Calcultta)ནང་གྲུ་གཟིངས་འབབ་ཚུགས་ཤིག་རྒྱ་ནག་ལ་གཡར་རྒྱུའི་རེ་འདུན་བཏོན་པ་བཞིན། རྒྱ་གར་གྱིས་གྲུ་གཟིངས་འབབ་ཚུགས་གཅིག་རྒྱ་ནག་ལ་གཡར་ནས་གྲུ་གཟིངས་འབབ་ཚུགས་དེའི་བརྒྱུད་ནས་འབྲས་ལྗོངས་ནང་ཡོད་པའི་སྣ་ཐོས་ལ་(Nathu)་ནས་བོད་ནང་བཟའ་འབྲུ་དང་མཚོན་ཆ་སོགས་རྒྱ་མིའི་དམག་མིའི་ཆེད་དུ་དབོར་འདྲེན་བྱས་ཡོད། ཕྱིས་སུ་བོད་བཙན་བཟུང་བྱས་རྗེས་ཕྱི་ལོ་༡༩༦༢ ལོར་མཚོན་ཆ་རྣམས་བེད་སྤྱོད་བྱས་ནས་རྒྱ་གར་ལ་དམག་བརྒྱབས་པ་རེད། ད་ཆར་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་སུ་དམག་མི་ཕོན་ཆེན་འཇོག་བཞིན་ཡོད་ཅེས་བརྗོད་འདུག དེ་བཞིན་སྲིད་ཟུར་ནས་རྒྱ་ནག་ནི་རྒྱ་སྐྱེད་རིང་ལུགས་པ་ཞིག་རེད། ད་ལྟ་རྒྱ་ནག་གི་ས་ཆ་བརྒྱ་ཆ་༦༠ དེ་མི་རིགས་གཞན་གྱི་ས་ཆ་བཙན་འཕྲོག་བྱས་པའི་ས་ཆ་ཆགས་ཀྱི་ཡོད་པ་དང་། དཔེར་ན། ད་ལྟ་རྒྱ་ནག་ནང་ཡོད་པའི་རྒྱ་ནག་ལྕགས་རི་དེ་གནའ་སྔོན་མའི་ལོ་རྒྱུས་ཁྲོད་ཧན་མི་རིགས་རྣམས་ཀྱིས་ལོ་ངོ་བརྒྱ་ཕྲག་རིང་ཕྱི་ཕྱོགས་ཀྱི་མི་རིགས་གཞན་སོག་པོ་དང་མན་ཇུའི་མི་རིགས་སོགས་ཀྱིས་བཙན་འཛུལ་མི་བྱེད་པའི་ཆེད་དུ་ས་མཚམས་ནས་ལྕགས་རི་བརྒྱབས་པ་ཞིག་རེད། འོན་ཀྱང་། ད་ཆར་ལྕགས་རི་རིང་པོ་དེ་གང་དུ་ཡོད་རེད། རྒྱ་ནག་གི་དཀྱིལ་ལ་ཡོད་རེད། ལྕགས་རི་དེ་ལས་བརྒལ་བའི་ས་ཆ་གཞན་ཚང་མ་མི་རིགས་གཞན་གྱི་ས་ཆ་བཙན་བཟུང་བྱས་པའི་ས་ཆ་རེད། ད་ཆར་རྒྱ་ནག་གིས་ལ་དྭགས་དང་ཨ་རུ་ན་ཅལ། ལྷོ་རྒྱ་ནག་རྒྱ་མཚོ། ཐའེ་ཝན་སོགས་ས་ཆ་མང་པོ་རྒྱ་ནག་གི་ཡིན་ལབ་ནས་རྗོད་ཀྱི་ཡོད་རེད་ཅེས་བརྗོད་འདུག

                  ཐའེ་ཝན་གྱི་གནད་དོན་སྐོར།

གསར་འགོད་པས། ད་ཆར་རྒྱ་ནག་གི་སྲིད་འཛིན་གྱིས་ཐའེ་ཝན་དེ་གང་མགྱོགས་རྒྱ་ནག་གི་མངའ་ཁོངས་སུ་འཇུག་གི་ཡིན་རྗོད་ཀྱི་ཡོད་པ་དང་། གལ་སྲིད་དམག་རྒྱག་དགོས་ན་ཡང་རྒྱག་གི་ཡིན་ཞེས་རྗོད་ཀྱི་ཡོད་པ་རེད། ཁྱེད་ཀྱིས་བལྟས་ན་དམག་རྒྱག་གི་རེད་དམ་ཞེས་འདྲི་སྐབས། སྲིད་ཟུར་ནས་དམག་རྒྱག་གི་རེད་། རྒྱག་ཐག་གཅོད་རྒྱག་གི་རེད། རྒྱུ་མཚན་ནི་ད་ཆར་ཞི་ཅིན་ཕིང་ལ་རྒྱ་ནག་གི་རྨི་ལམ་ཞེས་པ་ཞིག་ཡོད་རེད། དོན་དམ་པ་རྒྱ་ནག་གི་རྨི་ལམ་ཟེར་ན་ག་རེ་རེད། རྒྱ་ནག་གི་རྨི་ལམ་ནི་རྒྱ་ནག་ལོ་བརྒྱ་ཙམ་ཞིག་གི་རིང་དུ་ནུབ་ཕྱོགས་པ་དང་ཉི་ཧོང་གི་བཙན་འཛུལ་འོག་དཀའ་སྡུག་འཕྲད་ཡོད་པར་བརྟེན། ད་ཆར་རྒྱ་ནག་སྟོབས་ཆེན་ཆགས་དུས་ཞི་ཅིན་ཕིང་གིས་ཕྱི་ལོ་༢༠༤༧ སླེབ་སྐབས། རྒྱ་ནག་འཛམ་གླིང་ནང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཐུབ་དགོས་པའི་དམིགས་ཡུལ་བཟུང་ཡོད། འཛམ་གླིང་ཐོག་སྟོབས་ཆེན་ཆགས་པ་ལ་ཐོག་མར་རང་གི་ཉེ་འཁོར་གྱི་རྒྱལ་ཁབ་ཁྲོད་སྟོབས་ཆེན་ཆགས་དགོས་པ་རེད། དེ་བཞིན་རྒྱ་ནག་གི་མངའ་ཁུལ་ཡིན་ཚུལ་བརྗོད་པ་རྣམས་ཚུར་རྒྱ་ནག་གི་མངའ་འོག་ཏུ་འཇུག་རྒྱུ་དེ་རེད། དེ་བཞིན་རྒྱ་ནག་གི་འདས་པའི་འགོ་ཁྲིད་སོ་སོ་ལ་ལོ་རྒྱུས་ཁྲོད་བྱས་རྗེས་རེ་རེ་ཡོད་པར་བརྟེན། ཞི་ཅིན་ཕིང་ལ་ཡང་བྱས་རྗེས་ཤིག་འཇོག་དགོས་པས། འདས་པའི་ཏོག་དབྱིབས་ནད་དུག་ཡོང་དུས་རྒྱ་ནག་གིས་ཧོང་ཀོང་བཙན་བཟུང་བྱས་པ་རེད། ད་ཐའེ་ཝན་གཅིག་པུར་ལྷག་ཡོད་པར་བརྟེན། ནམ་ཞིག་འཛམ་གླིང་འཁྲུག་ཆ་དོད་པོ་ཆགས་ན་རྒྱ་ནག་གིས་ཐའེ་ཝན་ལ་དམག་བརྒྱབས་ནས་བཙན་བཟུང་བྱེད་ཀྱི་རེད།

རྒྱ་གར་གྱི་དམག་སྤྱིས་ཕྱི་ལོ་༢༠༢༥ ནང་རྒྱ་ནག་གིས་ཐའེ་ཝན་ལ་དམག་རྒྱག་གི་རེེད་ཅེས་བརྗོད་ཡོད་རེད། ཨ་རིའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམག་སྤྱིས། ཕྱི་ལོ་༢༠༢༧ ནང་དམག་རྒྱག་གི་རེད་ཅེས་རྗོད་ཀྱི་ཡོད། གང་ལྟར་ཕྱི་ལོ་༢༠༢༩ སྔོན་དུ་དམག་རྒྱག་གི་རེད། རྒྱུ་མཚན་ནི་ཕྱི་ལོ་༢༠༢༩ ལོར་རྒྱ་ནག་གི་དམག་གི་སྟོབས་ཤུགས་དེ་ཨ་རིའི་སྟོབས་ཤུགས་ལས་ཆེ་བ་ཆགས་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཨ་རིས་ཐའེ་ཝན་ལ་རྒྱབ་སྐྱོར་བྱེད་པ་ལ་ཨ་རིའི་དམག་ཞི་བདེ་རྒྱ་མཚོའི་བརྒྱུད་ནས་ལམ་ཐག་རིང་པོ་ཡོང་དགོས་ཀྱི་ཡོད་པས་དཀའ་ལས་ཁག་པོ་རེད། འོན་ཀྱང་། རྒྱ་ནག་ལ་མཚོན་ན་རང་གི་ས་ཐོག་ནས་ཐའེ་ཝན་ལ་དམག་བརྒྱབས་ན་ཐག་ཉེ་བོ་ཡོད་པས་རྒྱ་ནག་གིས་དམག་རྒྱག་ཐག་གཅོད་རྒྱག་གི་རེད་ཅེས་རྗོད་སྐབས། གསར་འགོད་པས་དམག་དངོས་གནས་རྒྱག་ཐག་གཅོད་རྒྱག་གི་རེད་དམ་ཞེས་ཚོར་ཤུགས་ཆེན་པོས་འདྲི་སྐབས། སྲིད་ཟུར་གྱིས་རྒྱག་གི་རེད། རྒྱུ་མཚན་ནི། དཔེར་ན། ཨུ་རུ་སུས་ཡུག་རེན་ལ་དམག་རྒྱག་དུས་ཡུག་རེན་གྱི་ཁྱིམ་མཚེས་ཡོ་རོབ་རྒྱལ་ཁབ་༥༠ ཙམ་གྱི་ནང་ནས་རྒྱལ་ཁབ་༢༧ ཙམ་གྱིས་ལག་ཆ་དང་གོ་མཚོན་གྱི་རོགས་རམ་ཆེན་པོ་བྱེད་ཀྱི་ཡོད་རེད། འོན་ཀྱང་། རྒྱ་ནག་གིས་ཐའེ་ཝན་ལ་དམག་བརྒྱབས་ན་ཁྱིམ་མཚེས་རྒྱལ་ཁབ་སུས་ཐའེ་ཝན་ལ་རོགས་རམ་བྱེད་ཀྱི་རེད། ཉི་ཧོང་ཡོང་སྲིད། ལྷོ་ཀོ་རེ་ཡ་ཡོང་སྲིད་གཞན་ཁག་པོ་རེད། དེ་བརྟེན་ནམ་ཞིག་འཛམ་གླིང་ནང་འཁྲུག་ཆ་དོད་པོ་ཆགས་ནས་རྒྱ་ནག་གིས་དམག་རྒྱག་ཐག་ཆོད་རྒྱག་གི་རེད་ཅེས་བརྗོད་སོང་།

གསར་འགོད་པས་ད་ཆར་རྒྱ་ནག་གིས་མ་འོངས་པར་༧་གོང་ས་མཆོག་གི་ཡང་སྲིད་དེ་རྒྱ་ནག་གིས་ངོས་འཛིན་བྱེད་རྒྱུ་ལས་གཞན་ལ་ཐོབ་ཐང་མེད་ཅེས་རྗོད་ཀྱི་ཡོད་རེད། དེ་ལ་ཁྱེད་ཀྱི་བསམ་ཚུལ་ག་རེད་ཡོད་ཅེས་འདྲི་དུས། སྲིད་ཟུར་ནས། རྒྱ་ནག་གཞུང་ནི་ཆོས་མེད་རིང་ལུགས་པ་ཞིག་དང་དམར་ཤོག་གི་ལྟ་བ་ཡོད་མཁན་ཞིག་ལ་དེའི་སྐོར་ནམ་ཡང་བྱུས་གཏོགས་ཡོད་པ་མ་རེད། བོད་པའི་དགོན་པ་གཏོར། གྲྭ་བཙུན་བཙོན་ལ་བཅུག རྡུང་རྡེག་བཏང་། བསད་བྱེད་མཁན་ཞིག་གིས་ད་དུང་ཆོས་ཕྱོགས་ཀྱི་གནད་དོན་ཞིག་ལ་བྱུས་གཏོགས་བྱེད་པ་ནི་མ་འོས་པ་ཞིག་རེད་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།