བོད་ཀྱི་གཞོན་ལྷན་གྱིས་རྒྱ་ནག་གི་བོད་དུ་ཞི་བའི་བཅིངས་འགྲོལ་ཞེས་པའི་དུས་དྲན་ལ་རྒོལ་གཏམ་སྤེལ་འདུག

ཟླ་འདིའི་ཚེས་༡༩ ཉིན་ནི་རྒྱ་གཞུང་གིས་བོད་དུ་དྲག་པོའི་བཙན་འཛུལ་བྱས་ཏེ་ལོ་ངོ་༧༠ འཁོར་གྱི་ཡོད་པ་དང་སྟབས་བསྟུན། རྒྱ་ནག་གཞུང་གིས་“བོད་དུ་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་དུས་དྲན་སྲུང་བརྩི་”ཞེས་པ་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་ཚོགས་ཡོད་པ་དེར། དྷ་ས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ངོ་རྒོལ་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་འདུག

བསྒྲགས་གཏམ་དེའི་ནང་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐོར་འཁོད་དོན། “དོན་དངོས་ཐོག་ཁྲིམས་འགལ་གྱིས་བོད་དུ་དྲག་པོའི་བཙན་འཛུལ་དང་། བོད་མི་ཁྲི་ཁྲག་མང་པོ་དམར་གསོད་བཏང་ནས་ལོ་ངོ་༧༠ འཁོར་བའི་ལོ་ནག་ཅིག་ཡིན་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོ་རྒོལ་དང་སྐྱོན་བརྗོད་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། རྒྱ་གཞུང་གིས་ད་བར་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་དང་བཅས་པར་ཐབས་རྒྱ་ཇུས་སྟོང་དང་། དངོས་ཤུགས་རྒྱུད་གསུམ་ནས་རྩ་གཏོར་གཏོང་ཐབས་ཁོ་ནར་འབད་ཡོད་པ་དང་། དེ་བཞིན་བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྐུ་འཁྱེར་དང་ཧམ་འཕྲོག་བྱས་པ། ཤུལ་ལུས་དགོན་སྡེ་གྲྭ་ཚང་ཁག་གི་ལམ་ལུགས་དང་། ཞིང་འབྲོག་མི་མང་གི་ཐུན་མོང་མ་ཡིན་པའི་འཚོ་ཐབས་སྤྱོད་སྟངས་སོགས་ལོ་རྒྱུས་རང་བཞིན་ལྡན་པའི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཇི་ཡོད་དག་རྣམ་པ་དང་ངོ་བོ་གཞན་ཞིག་ཏུ་སྒྱུར་ཐབས་བྱས་པ། ལྷག་པར་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་མཛད་རྗེས་རླབས་ཆེན་འཇོག་མཁན་ཡོད་ཚད་ལྐོག་གཡོ་ངན་བྱུས་དང་ཉེས་མེད་ཉེས་འདོགས་ཀྱིས་དམར་གསོད་དང་བཙོན་འཇུག་བྱས་པ། ཉམས་ཆུང་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་གིས་གདུག་རྩུབ་དང་མནར་གཅོད་ཁོ་ནས་དོན་མེད་རྐྱེན་འདས་སུ་བཏང་བ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་སར་མི་བདེན་རྫུན་སྒྲིག་གིས་ལོ་རྒྱུས་ལ་འཁྱོག་བཤད་རིམ་པར་བྱས་པ་རེད་”ཅེས་འཁོད་འདུག

བཞོན་ལྷན་གྱིས་ངོ་རྒོལ་དགོས་དོན་སྐོར་འཁོད་འདོན། “ཕྱི་ལོ་༡༩༥༡ ཟླ་༥ ཚེས་༢༣ ཉིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་པེ་ཅིང་དུ་ཁྲིམས་འགལ་གྱི་ཆིངས་ཡིག་དོན་ཚན་༡༧ ཟེར་བ་ཞིག་སྡིགས་ར་དང་བཙན་འོག་ཏུ་འཇོག་ཏུ་བཅུགས་པ་ནས་བཟུང་ངོ་ཚ་ཁྲེལ་མེད་ཀྱིས་བོད་ནང་ཧམ་འཛུལ་གྱིས་བོད་མི་རྣམས་དམ་དྲག་སྲིད་བྱུས་འོག་སྡུག་སྦྱོང་མནར་གཅོད་མྱངས་དགོས་བྱུང་བས་འུ་ཐུག་བཟོད་བྲལ་གྱིས་ད་བར་བོད་མི་གྲངས་༡༥༧ ཙམ་གྱིས་རང་ལུས་མེར་བསྲེག་བཏང་དགོས་བྱུང་ཡོད། དེ་ནི་འཛམ་གླིང་ཐོག་རང་གི་ཆོས་དང་མི་རིགས་རིག་གཞུང་དང་བཅས་པའི་ཆེད་འཚེ་མེད་ཞི་བའི་ལམ་ནས་རང་ལུས་མེར་སྲེག་གནང་མཁན་ཁ་གྲངས་མང་ཤོས་དེ་ཆགས་ཡོད། རྒྱ་གཞུང་གིས་ད་བར་མི་ལོ་བདུན་ཅུའི་རིང་ཁྲིམས་འགལ་དང་ངོ་ཚ་ཁྲེལ་མེད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གྱིས་མི་གསོད་ཁྲག་སྦྱོར་གྱི་ལས་ངན་དེ་ལྟ་བུ་བྱས་པར་འགན་འཁུར་དགོས་པ་དང་། དེ་རིང་ྋརྒྱལ་དབང་ྋསྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་ཕོ་བྲང་གི་མདུན་སར་དུས་དྲན་སྲུང་བརྩི་བྱས་པ་དེ་ཧ་ཅང་གིས་མ་འོས་མ་འཚམ་པ་ཞིག་ཡིན་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། བོད་ནང་དམ་དྲག་གི་སྲིད་བྱུས་སྤེལ་བཞིན་པ་དེ་དག་ངེས་པར་མཚམས་འཇོག་བྱེད་དགོས་”ཞེས་དགོས་འདུན་བཏོན་འདུག

རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་ནས་བཟུང་བོད་ནང་དམ་དྲག་ཧ་ཅང་ཤུགས་ཆེན་བྱས་ཏེ། རྒྱ་འོག་ཏུ་བོད་ལ་བདེ་སྐྱིད་ཡོད་པའི་དུས་དྲན་སྣ་ཚོགས་འཚོག་གི་ཡོད་པ་དང་། འདི་ལོར་ཡང་དུས་དྲན་དེ་བསླེབས་ལ་ཉེ་སྐབས་བོད་ཀྱི་ས་གནས་གང་སར་འགྲིམ་འགྲུལ་ལ་སྔར་ལྷག་དམ་དྲག་བྱས་པ་མ་ཟད། ས་གནས་ཀྱི་བོད་མི་ཚོར་རྒྱ་ནག་ལ་བསྟོད་པའི་གཏམ་བཤད་དང་། གཞས་སྣ་འཁྲབ་སྟོན་བྱེད་བཅུག་གི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།