བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ་པོད་གྲངས་༢༠༦ ཅན་ཞིག་འགྲེམས་སྤེལ་ཞུས་འདུག

ཕྱི་ཟླ་༡༡ ཚེས་༡༦ ཉིན་ཧི་མ་ལ་ཡའི་རིག་མཛོད་ཆེན་མོའི་དཔེ་ཚོགས་བསྡུ་སྒྲིག་དཔེ་སྐྲུན་འགྲེམ་སྤེལ་དང་གཟིགས་འབུལ་གྱི་མཛད་སྒོ་ཞིག་ལྷ་ས་རུ་སྤེལ་འདུག
སྐབས་དེར་བོད་ཀྱི་གསོ་བ་རིག་པའི་སློབ་དཔོན་ཆེན་མོ་དང་སྨན་རམས་པ་སོགས་གྲགས་ཆེ་བའི་བོད་ཀྱི་གསོ་བ་རིག་པའི་མཁས་དབང་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་འདུག  

ཧི་མ་ལ་ཡའི་རིག་མཛོད་ཁང་འགོ་འཛུགས་མཁན་དང་བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོའི་གཙོ་སྒྲིག་པ་དབོན་སྤྲུལ་ཚེ་རིང་རྡོ་རྗེས་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གནང་གསལ།

ཕྱི་ལོ་༢༠༡༥ ནས་བོད་ཀྱི་གསོ་བ་རིག་པའི་དཔེ་རྙིང་བསྡུ་སྒྲིག་གི་ལས་གཞི་སྤེལ་ཏེ་༢༠༢༣ ནང་ལེགས་གྲུབ་བྱུང་བ་ཞིག་དང་།  དཔེ་ཚོགས་འདིར་བསྡོམས་པས་ཆོས་ཚན་༣༠༢༢ དང་ཡིག་འབྲུའི་དབང་དུ་བཏང་ན་དུང་ཕྱུར ༡ དང་ས་ཡ་༢ ལྷག་ཙམ་དང་། དེ་བཞིན་པོད་གྲངས་༢༠༦ ཡོད་པས་རྒྱལ་ཕྱི་ནང་གི་གསོ་རིག་གི་རིག་མཛོད་ཡོངས་ནས་གཞི་རྒྱ་ཆེ་ཤོས་དེ་ཡིན་ཟེར་ཡང་མི་ཆོག་པ་མེད་པ་དང་།

གཞན་ཡང་ཁོང་གིས་དགེ་རྒན་རྣམས་ཀྱི་བདག་རྐྱེན་དང་མཁས་དབང་རྣམས་ལ་བློ་དྲིས། ཧི་མ་ལ་ཡའི་རིག་མཛོད་ཀྱི་ལས་མི་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་ལེགས་གྲུབ་བྱུང་བ་དང་། མཛད་སྒོ་འདིར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོ་དང་བོད་ཀྱི་སྨན་རྩིས་ཁང་གཉིས་ནས་རོགས་སྒྲུབ་གནང་ཡོད་པར་བརྗོད་འདུག

སི་ཁྲོན་ཁྲི་འདུར་རྟེན་གཞི་བྱས་པའི་ཧི་མ་ལ་ཡའི་རིག་མཛོད་ཁང་ནི་དབོན་སྤྲུལ་ཚེ་རིང་རྡོ་རྗེ་ཁོང་སྒེར་གྱིས་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་ཁ་ཕྱོགས་ནས་བཙུགས་པའི་ལས་ཁུངས་ཤིག་ཡིན་ཞིང་། ཕྱི་ལོ་༢༠༡༧ ལོར་བོད་མདོ་དབུས་ཁམས་གསུམ་གྱི་ཆེད་མཁས་མི་སྣ་བརྒྱ་ཕྲག་ལྷག་ཙམ་གདན་འདྲེན་བྱས་ཏེ་དབྱེ་ཞིབ་གྲོས་མོལ་གནང་བའི་ཐོག་ནས་དཔེ་ཚོགས་ཀྱི་སྤྱིའི་མིང་ལ་ཧི་མ་ལ་ཡའི་རིག་མཛོད་ཆེན་མོ་ཞེས་བཏགས་ཡོད་འདུག དེ་དང་མཉམ་དུ་ཧི་མ་ལ་ཡའི་དྲྭ་ཚིགས་ཀྱང་ཡོད་པ་རེད།
རིག་མཛོད་འདིའི་ནང་གསེས་དུ། སྒྲ་རིག་པ། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ། སྙན་ངག་རིག་པ། མངོན་བརྗོད་རིག་པ། སྡེབ་སྦྱོར་རིག་པ། ཟློས་གར་རིག་པ། རྩིས་རིག་པ། ལོ་རྒྱུས་རིག་པ། བོན་རིག་པ། གླིང་སྒྲུང་རིག་པ། གཏེར་ཆོས་རིག་པ། དཀར་ཆག་རིག་པ། ཁྲིམས་ཡིག་རིག་པ། ཡུལ་སྲོལ་རིག་པ། མི་ཆོས་རིག་པ་བཅས་རིག་ཚན་བཅོ་བརྒྱད་དུ་གཏན་ཁེལ་གནང་འདུག་པ་དང་། དེའི་ནང་ནས་བོ་དོང་གསུང་འབུམ་པོད་༩༥ རིག་གནས་ཆུང་བ་ལྔ་དང་བརྡ་སྤྲོད་ཀུན་འདུས་ཆེན་མོ་པོད་༡༩༢ ཅན། བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་པོད་ ༣༠༠ བོད་ཀྱི་གསོ་རིག་ཀུན་འདུས་པོད་ ༢༠༦བཅས་དཔར་དུ་བསྐྲུན་ཟིན་འདུག
རྫ་ཀི་ལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་ནི། ཕྱི་ལོ༡༩༧༨ ལོར་མདོ་ཁམས་རྫ་ཆུ་ཁའི་ཁྲོམ་གཟའ་འགབ་མ་རུ་སྐུ་འཁྲུངས་ཤིང་། ཀིཿ ལུང་རྒྱལ་སྲས་དང་ཉི་གྲགས་རྒྱལ་སྲས། ས་སྐྱ་གོང་མ་སོགས་ཀྱིས་རྫ་ཀིཿལུང་དབོན་སྤྲུལ་འཇིགས་མེད་བཟོད་པའི་ཡང་སྲིད་དུ་ངོས་འཛིན་གནང་འདུག

ཁོང་གིས་མཚོ་སྐྱེས་རིག་གནས་སྤྱི་གཉེར་ཁང་དང་དེའི་ཡན་ལག་ཧི་མ་ལའི་རིག་མཛོད་ཀྱི་འགན་འཛིན་སོགས་གནང་སྟེ་བོད་ཀྱི་རིག་གནས་དར་སྤེལ་དང་རྒྱུན་འཛིན་གནང་དང་གནང་བཞིན་པ་ཡིན་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་།