བོད་ཀྱི་གློག་བརྙན་དུས་སྟོན་ཐོག་ཨང་དང་པོ་ཤ་བོ་རྡོ་རྗེར་ཐོབ་འདུག
ཟླ་འདིའི་ཚེས་༡༤ ནས་ཉིན་གཉིས་རིང་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་༨ བརྒྱད་པ་དེ་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་འཚོགས་ཡོད་པ་དང་། དེར་གློག་བརྙན་གསར་བཟོ་བ་རྣམས་ཀྱིས་སྐར་མ་༥ ཅན་རིང་གི་གློག་བརྙན་འགྲན་སྡུར་བྱས་ཡོད་པ་རེད།
གློག་བརྙན་དུས་སྟོན་དེའི་ཐོག་བོད་མིས་བཟོས་པའི་གློག་བརྙན་དང་། ཡང་ན་བོད་ཀྱི་སྐོར་གྱི་གློག་བརྙན་ཁོ་ན་སྟོན་གྱི་འདུག་ལ། གོ་སྒྲིག་པས་གློག་བརྙན་དུས་སྟོན་དེ་ནི་གཙོ་བོ་བོད་མི་ན་གཞོན་ཚོར་གློག་བརྙན་གསར་བཟོའི་གོ་སྐབས་བསྐྲུན་ཆེད་ཡིན་སྐོར་འགྲེལ་བརྗོད་བྱས་སོང་། ཐེངས་འདིར་གློག་བརྙན་སྐར་མ་༥ ཅན་གྱི་འགྲན་སྡུར་ནང་བོད་མི་གློག་བརྙན་གསར་པ་བཟོ་མཁན་དགུ་མཉམ་ཞུགས་བྱས་པའི་ནང་ནས་ཨང་དང་པོ་ཤ་བོ་རྡོ་རྗེས་བཟོས་པའི་གློག་བརྙན་<<ཡིག་ཆུང་མཐའ་མ་>>དང་། མི་མང་གིས་དགའ་མོས་བྱེད་སའི་འོས་ཤོག་ཀྱང་གློག་བརྙན་དེར་ཐོབ་ཡོད་པ་རེད།
ཨང་གཉིས་པ་རྣམ་རྒྱལ་ལྷ་མོས་བཟོས་པའི་གློག་བརྙན་<<རྨི་ལམ་>>དང་། ཨང་གསུམ་པ་ཀུན་དགའ་རིན་ཆེན་གྱིས་བཟོས་པའི་<<མི་ཚེ། ཇ་ཕོར་པ་གང་>>བཅས་ལ་ཐོབ་འདུག བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མཁས་དབང་བཀྲ་ཤིས་ཚེ་རིང་ཕེབས་ཏེ་བྱ་དགའ་གནང་བ་དང་། ཨང་དང་པོར་ཨ་སྒོར་༥༠༠ དང་ཨང་གཉིས་པར་༣༠༠ ཨང་གསུམ་པར་༢༠༠ ཡོད་པ་རེད། དུས་སྟོན་དེའི་སྐབས་པར་གྱི་འགྲེམས་སྟོན་དང་། སྒྱུར་སྩལ་སྐོར་ལ་བགྲོ་གླེང་ཡང་བྱེད་ཀྱི་ཡོད་པ་རེད།
གློག་བརྙན་དུས་སྟོན་དེ་༢༠༠༨ ལོར་རྒྱ་ནག་གི་བཙན་འོག་དུ་ཡོད་པའི་བོད་མི་ཚོར་དོན་གྲུབ་དབང་ཆེན་གྱིས་བོད་དོན་དང་འབྲེལ་བའི་བཅར་འདྲི་བྱས་པའི་གློག་བརྙན་<<འཇིགས་བྲལ་>>ཞེས་པ་བཟོས་རྗེས། དོན་གྲུབ་དབང་ཆེན་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ། ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པར། རྗེས་དྲན་ཆེད་དུ་༢༠༠༩ ལོར་འགོ་འཛུགས་བྱས་པ་ཞིག་ཡིན་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།