བོད་ཀྱི་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་སྐུ་གྲོངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བར་གནས་ཚུལ་འཁོད་གསལ་ལྟར་ན། ཕྱི་ཟླ་༨ ཚེས་༡༦ ཉིན་ཆབ་སྲིད་བཙོན་ཟུར་བསོད་ནམས་རྒྱལ་པོ་ལགས་བོད་དུ་སྐུ་གྲོངས་ཡོད་འདུག ཁོང་ནི་ཕྱི་ལོ་ ༡༩༥༥ ཟླ་བ་ ༦ ཚེས་ ༡༤ ཉིན་ལྷོ་ཁ་གོང་དཀར་དུ་སྐུ་འཁྲུངས་འདུག་པ་དང་། རྒྱུན་དུ་ལྷ་སར་གནས་བཞུགས་གནང་བཞིན་ཡོད་འདུག ཕྱི་ལོ་ ༡༩༨༧ ཟླ་བ་ ༩ ཚེས་ ༢༧ ཉིན་ལྷ་སའི་ཞི་རྒོལ་ནང་དུ་མཉམ་ཞུགས་བྱས་རྐྱེན་ལོ་གསུམ་བཙོན་འཇུག་ཁྲིམས་ཐག་བཅད་ནས་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་འདུག་པ་དང་། ཕྱི་ལོ་ ༡༩༩༣ ཟླ་བ་ ༧ པའི་ནང་ཆབ་སྲིད་ཀྱི་ཉེས་མིང་འོག་ལྷ་ས་གསང་ཡིབ་བཙོན་ཁང་དང་གཞིས་རྩེ་ཉ་རི་བཙོན་ཁང་ཞེས་པའི་ནང་ལོ་གཅིག་རིང་བཙོན་འཇུག་བྱས་ཡོད་འདུག
བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༤༠ འཁོར་བའི་དུས་དྲན་ཚུགས་ལ་ཉེ་བའི་སྐབས་ཏེ། ཕྱི་ལོ་ ༢༠༠༥ ཟླ་ ༨ པའི་ཚེས་ ༢༨ ཉིན་རྒྱ་གཞུང་གིས་ཁོང་གི་ཁྱིམ་དུ་སྔོག་བཤེར་བྱེད་སྐབས་༸རྒྱལ་བ་རིན་པོ་ཆེའི་སྐུ་དཔར་སོགས་རྙེད་སོན་བྱུང་སྐད་འདུག་ལ། སྐབས་དེར་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་དུས་ཡུན་ལོ་ ༡༢ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་པར་བརྗོད་འདུག དེ་བཞིན་ཕྱི་ལོ་ ༢༠༠༦ ཟླ་ ༡༡ ཚེས་ ༣ ཉིན་ཆུ་ཤུལ་བཙོན་ཁང་དུ་གནས་སྤོ་བྱས་འདུག་པ་བཅས། ཁོང་ནི་ཁྱོན་མི་ལོ་ ༡༦ རིང་བཙོན་དུ་ཚུད་མྱོང་ཡོད་པའི་སྐོར་བཅས་འཁོད་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།
