བོད་ཀྱི་དཔེ་མཛོད་ཁང་ནས་པར་སྐྲུན་བྱས་པའི་དཔེ་དེབ་ངོ་སྤྲོད།

༡༽ བཤེས་པའི་སྤྲིངས་ཡིག་གི་འགྲེལ་པ་དོན་གསལ།

 དཔེ་དེབ་འདི་ནི་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་བརྩམས་ཞིང་། འགྲེལ་པ་འདི་ནི་ཚེ་ཕྱི་མ་དོན་གཉེར་གྱི་ལྷ་ཆོས་ཁོ་ནའི་དབང་དུ་བྱས་པ་ཞིག་གམ། ཡང་ན་ཚེ་འདི་ཁོ་ན་དོན་དུ་གཉེར་བའི་མི་ཆོས་རྐྱང་པའི་དབང་དུ་བྱས་པ་ལྟ་བུ་ཞིག་མ་ཡིན་པར། ལྷ་ཆོས་དང་མི་ཆོས། འདི་དང་ཕྱི་མ། རང་དོན་དང་གཞན་དོན། སྤྱི་དང་སྒེར་སོགས་མདོར་ན་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་ལུས་ཅན་ཡོངས་ལ། འཕྲལ་བདེ་ཕུགས་སྐྱིད་ཀྱི་ཐབས་ཚུལ་སྟོན་པའི་བསླབ་བྱ་གསེར་སྲང་བྱེ་བ་རི་བའི་གཞུང་མཆོག་ཅིག་ཡིན་འདུག

༢༽ ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་དུ་སྲི་ཞུ་བསྒུབས།

དཔེ་དེབ་འདི་ནི་ཚེ་རིང་ནོར་བུས་བོད་བསྒྱུར་གནང་ཞིང་། དེའི་ནང་བཀྲ་ཤིས་དབང་འདུས་ཀྱི་ཆུང་དུས་ཀྱི་འཚོ་བ་དང་། བཙན་བྱོལ་དུ་འབྱོར་རྗེས། ཐོག་མར་ལས་བྱེད་དཀྱུས་མ་ནས་ཐེག་པ་རིམ་འཛེགས་ཀྱིས་ལྷན་ཁང་དྲུག་ཏུ་བཀའ་བློན་གྱི་མཛད་འགན་བཞེས་པ་དང་དུས་མཚུངས་ལྡི་ལི་དང་། ནིའུ་ཡོག སྦར་སིལ་བཅས་ཀྱི་སྐུ་ཚབ་དོན་གཅོད་སོགས་མི་ལོ་བཞི་བཅུའི་རིང་བོད་ཀྱི་རྩ་དོན་སླད་གཟེངས་སུ་ཐོན་པའི་སྲི་ཞུ་བསྒུབས་པའི་སྐོར་དང་། དེ་བཞིན་གསར་འཛུགས་ཞུས་མ་ཐག་པའི་བཙན་བྱོལ་བོད་གཞུང་གི་ཐོག་མའི་གནས་སྟངས་དང་། བོད་རྒྱ་ཞི་མོལ། རྒྱལ་སྤྱིའི་ནང་ནས་༧གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ངོས་འཛིན་གྱིས་ཆེ་མཐོང་དུ། འཛམ་གླིང་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། ཁེ་ན་ཌའི་ཆེ་བསྟོད་མི་སེར་གྱི་མཚན་གནས་ཕུལ་བ་སོགས་ཐེ་བའི་བཙན་བྱོལབོད་མིའི་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་བྱུང་བ་ཁག་ཞིབ་པར་གསལ་བའི་དཔེ་དེབ་ཅིག་ཡིན་འདུག

༣༽ སེམས་དང་བེམ་པོ།

ཁྲི་ཆུ་བཟང་རྒྱ་མཚོས་བོད་སྒྱུར་གནང་བའི་དཔེ་དེབ་སེམས་དང་བེམ་པོ་ཞེས་པ་ནི། བོད་བརྒྱུད་ནང་བསྟན་གྱི་སྐོར་ལ་རྒྱུས་མངའ་ཧ་ཅང་ཟབ་པའི་མཁས་དབང་ཨེ་ལེན་ཝེ་སི་དང་། ཚད་རྡུལ་དངོས་ཁམས་རིག་པའི་ཆེད་མཁས་པ་མེ་ཤེལ་བྷི་བྷོལ། དེ་བཞིན་དུ་དངོས་ཁམས་ཚན་རིག་པ་དང་རྩོམ་པ་པོ་གྲགས་ཅན་པཱ་ཐཱ་གྷོ་སེ་དང་། སེམས་ཁམས་རིག་པ་བ་དང་ཡུལ་རྟོགས་ཚན་རིག་མཁས་ཆེན་རྫལ་གྷལ་ཧྥི་ཌི་བཅས་ཀྱིས་ནང་ཆོས་དང་ཚན་རིག་དབར་གྱི་ལྟ་ཚུལ་གསོང་པོར་བརྗོད་པའི་དཔྱད་རྩོམ་རྩ་ཆེན་བཞི་བདམས་བསྒྲིགས་བྱས་པ་ཞིག་ཡིན་འདུག

༤༽ བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་པ་པོའི་བརྩམས་ཆོས་ལ་དཔྱད་པ།
དཔེ་དེབ་འདི་ནི་འོད་ཟེར་སྐྱིད་ཀྱིས་བརྩམས་ཞིང་། དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་ནས་བཟུང་ད་ལྟའི་བར་གྱི་བཙན་བྱོལ་བོད་ཀྱི་བུད་མེད་རྩོམ་པ་པོ་དག་གི་བརྩམས་ཆོས་ཀྱི་སྤྱི་བབ་དང་ཁྱད་ཆོས་བསྔོགས་ཡོད་པ་དང་། དེ་དག་གི་ཚབ་མཚོན་བརྩམས་ཆོས་ཁག་ལ་དབྱེ་ཞིབ་ཀྱང་བྱས། བཙན་བྱོལ་ཁྲོད་ཀྱི་བུད་མེད་རྩོམ་པ་པོ་དག་གི་ད་ལྟའི་གནས་བབ་དང་མ་འོངས་པའི་ཁ་ཕྱོགས། དེ་བཞིན་གསར་རྩོམ་ལ་རྒྱུན་འཁྱོངས་དགོས་པའི་གལ་གནད་དང་། བུད་མེད་རྩོམ་པོ་པོ་སྐྱེད་སྲིང་བྱ་ཐབས་སོགས་ཀྱི་སྐོར་དབྱེ་ཞིབ་བྱས་ཡོད་འདུག

༥༽ བཙན་བྱོལ་བོད་མིའི་ཤེས་རིག་བཞུད་ལམ། སློབ་གྲྭ་ཁག་གི་ལོ་རྒྱུས།

དཔེ་དེབ་འདི་ནི་བཀའ་དྲིན་རྗེས་དྲན་གོ་སྒྲིག་ཚོགས་ཆུང་ནས་པར་སྐྲུན་ཞུས་ཞིང་། བོད་མི་ཚོ་ཐོག་མར་བཙན་བྱོལ་དུ་གྱུར་བའི་དུས་སྐབས་སུ་༧གོང་ས་མཆོག་གིས་སྐབས་འཕྲལ་གྱི་དཀའ་ཚེགས་ལ་མ་འཛེམས་པར། ཕུགས་རྒྱང་རིང་པོའི་དགོངས་པ་རླབས་ཆེན་བཞེས་ཏེ་བོད་ཕྲུག་ཚོར་བོད་པའི་སློབ་གྲྭ་ཟུར་འཛུགས་མཛད་པའི་མཛད་འཕྲིན་གསལ་འདོན་གྱི་དཔེ་དེབ་ཅིག་ཆགས་ཡོད་འདུག