བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་“གཞིས་བཞུགས་སྤུན་ཟླ་ཚང་མ་ལ་དྲང་བདེན་”རག་དགོས་པའི་ལས་འགུལ་སྤེལ་སོང་། 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་“སྤྱིར་བཏང་རང་བཙན་ཡོད་པའི་རྒྱལ་ཁབ་ཚང་མར་མཚོན་ན། བཙོན་པའི་ཉིན་མོ་ལབ་ན། བཙོན་ཁང་ལ་གཞི་བཞག་པའི་ཐོག་ནས་འགྲེལ་བརྗོད་བྱས་ཏེ་དྲང་བདེན་འདི་དང་འདི་མི་འདུག་ཞུ་ཡི་ཡོད་རེད། ཡིན་ནའང་། བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་ག་རེ་ཞུ་ཡི་ཡོད་ལབ་ན། བོད་པ་ཞིག་ཡིན་པའི་ཆ་ནས་བོད་དེ་རྒྱའི་བཙོན་ར་འདྲ་བོ་ཞིག་ཆགས་ཚར་བ་རེད། བོད་ཀྱི་གཞིས་བཞུགས་སྤུན་ཟླ་ཚང་མ་ལ་དྲང་བདེན་རག་གི་མི་འདུག་”ཅེས་བརྗོད་སོང་། 

བོད་ཀྱི་བུད་མེད་ལྷན་ཚོགས་ནས་དེ་རིང་རྒྱལ་སྤྱིའི་བཙོན་པའི་དྲང་བདེན་ཉིན་མོ་(International prisoners justice day) དང་སྟབས་བསྟུན་ནས་དྷ་ས་མེག་ལོར་གྱི་སྲང་ལམ་དུ་མནར་གཅོད་ཀྱི་ལག་ཆ་དང་། མནར་གཅོད་མྱངས་པའི་བཙོན་པ་ཚོའི་འདྲ་པར་འགྲེམ་སྟོན་དང་། རྒྱ་ནག་གིས་བོད་དང་ཤར་ཏུར་ཀི་སི་ཐན་དུ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་བྱུས་འགྲེལ་བརྗོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

ལས་འགུལ་དེའི་ཐོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་“སྤྱིར་བཏང་རང་བཙན་ཡོད་པའི་རྒྱལ་ཁབ་ཚོར་མཚོན་ན། བཙོན་པའི་ཉིན་མོ་ལབ་ན། བཙོན་ཁང་ལ་གཞི་བཞག་པའི་ཐོག་ནས་འགྲེལ་བརྗོད་བྱས་ཏེ་དྲང་བདེན་འདི་མི་འདུག་ཞུ་ཡི་ཡོད་རེད། ཡིན་ནའང་། བུད་མེད་ལྷན་ཚོགས་ཀྱིས་ངོས་ནས་ག་རེ་ཞུ་ཡི་ཡོད་ལབ་དུས། བོད་པ་ཞིག་ཡིན་པའི་ཆ་ནས་བོད་དེ་རྒྱའི་བཙོན་ར་འདྲ་བོ་ཞིག་ཆགས་ཚར་བ་རེད། བོད་ཀྱི་གཞིས་བཞུགས་སྤུན་ཟླ་ཚང་མ་ལ་དྲང་བདེན་རག་གི་མི་འདུག་”ཅེས་བརྗོད་སོང་བ་མ་ཟད། མཉམ་འབྲེལ་རྒྱལ་ཁབ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ལ་རྒྱ་ནག་གི་ཐོག་ཏུ་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་ ༧ ཡང་བཏོན་སོང་། 

གཤམ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ནས་བཏོན་པའི་དགོས་འདུན་ ༧ ནི། 

༡༽ ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་གང་ཉིད་ཀྱི་ནང་མི་སྐུ་འཁོར་རྣམས་ཀྱི་གནས་སྟངས་དང་གང་དུ་བཞུགས་ཡོད་མེད་སྐོར་རྒྱ་ནག་གཞུང་ནས་གནས་ཚུལ་ཕྱི་གསལ་ནང་གསལ་གྱི་མཁོ་སྤྲོད་བྱ་དགོས་པའི་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ། །

༢༽ རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་བོད་མི་འཛིན་བཟུང་བྱས་པའི་བཙོན་པ་རྣམས་ཀྱི་སྐོར་ཐོ་གཞུང་ཕྱི་གསལ་ནང་གསལ་མཁོ་འདོན་བྱ་རྒྱུར་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ། །

༣༽ གཞིས་ལུས་བོད་མི་ཚོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱས་པ་ལ་བརྟེན་ནས་ཁྲིམས་འགལ་གྱིས་འཛིན་བཟུང་ ང་བཙན་ཤེད་ཀྱིས་འབྲེལ་ལམ་བྱེད་ཐབས་མེད་པའི་བཙོན་འཇུག་བྱེད་པ་སོགས་མཚམས་འཇོག་དགོས་སྐོར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ།

༤༽ བོད་རིགས་བཙོན་པ་ཚོ་དང་དམིགས་བསལ་བུད་མེད་བཙོན་པའི་གནས་སྟངས་རྟོག་ཞིབ་དང་ཞིབ་བཤེར་བྱེད་ཆེད་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་བོད་ནང་གཏོང་གནང་ཡོང་བ་ཞུ།

༥ ༽ བཙོན་པ་ཚོར་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ཐོབ་ཆེད་མི་མང་དང་གསར་འགོད་མི་སྣ་དབུ་བཞུགས་ཐོག་ཕྱི་གསལ་ནང་གསལ་གྱི་ཁྲིམས་སའི་ཞིབ་དཔྱོད་དགོས་པ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ་ཞུ། །

༦༽ རྒྱ་ནག་དམར་ཤོག་གིས་བོད་མི་དང་ཡུ་གུར་བ་ཚོའི་ཆེད་བཙུགས་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྡོད་སྒར་རྣམས་སྒོ་རྒྱག་རྒྱུར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུ། །

༧ ༽ གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལག་བསྟར་བྱས་པ་ཙམ་གྱིས་དྲང་བདེན་མ་ཡིན་པར་ཁྲིམས་འགལ་གྱི་འཛིན་བཟུང་བྱེད་པ། དེ་བཞིན་བཙོན་པ་ཚོར་མི་ཆོས་ལས་འགལ་བའི་གདུག་རྩུབ་གཏོང་མཁན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལག་བསྟར་བྱེད་བཞིན་པའི་ཉེས་ཁྲིམས་ལམ་ལུགས་བསྒྱུར་བཅོས་དགོས་པ་བཅས་སོ། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།