བོད་ཀྱི་མ་འོངས་པ་དང་ན་གཞོན།
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༦༦ ཡི་ཆེད་བརྗོད།
བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ན་གཞོན་སློབ་སྦྱོང་གི་ལག་འཁྱེར་མཐོན་པོ་ཡོད་པ་ཇི་སྙེད་ཅིག་ཡོད་ལ། བཙན་བྱོལ་བོད་མིའི་མི་འབོར་ལ་དཔག་ན་སློབ་སྦྱོང་ཐོན་པའི་ན་གཞོན་ཧ་ཅང་མང་པོ་ཡོད་ཅེས་བརྗོད་ཆོག འོན་ཀྱང་དེ་དང་མཚུངས་པའི་སྣེ་ཁྲིད་པ་ཚད་ལྡན་མེད་པ་དང། ནུས་པ་འདོན་སའི་ཁོར་ཡུག་རྒྱ་ཆེན་པོ་མེད་པས། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་ན་གཞོན་དག་གི་རང་སྟོབས་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་གང་ཡང་སླེབས་ཐུབ་མེད། སེམས་ཤུགས་དང་མིག་རྒྱང་ཐོག་ནས་ཀྱང་མི་རིགས་དང་འཐབ་རྩོད་ལ་ནུས་པ་ཆེན་པོ་ཞིག་འདོན་ཐུབ་ས་རེད་སྙམ་པའི་ན་གཞོན་དམིགས་བསལ་ཅན་མངོན་གསལ་དོད་པོ་དེ་འདྲ་ཡང་ད་ཆ་ཕལ་ཆེར་མཐོང་དཀོན་པོ་ཆགས་ཡོད། ན་གཞོན་རྣམས་ལ་མཚོན་ན་སློབ་གྲྭ་ཁག་གི་དགེ་རྒན་དང། ཚོགས་སྡེ་ཁག་གི་ལས་བྱེད། གཙོ་བོ་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཀྱི་ཁོངས་སུ་འཛུལ་རྒྱུ་དང། སྤྱི་འཐུས་སུ་ལངས་ནས་སྤྱི་ཚོགས་ལ་ཞབས་འདེགས་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐབས་བྱ་རྒྱུ་དེ་གཙོ་བོར་གྱུར་ཡོད།
སྲི་ཞུའི་ལས་བྱེད་པའི་ཁོངས་སུ་ཞུགས་ནས་རྒྱུན་རིང་མ་སོང་བར་རྩ་དགོངས་ཞུས་ནས་གཞན་དུ་འགྲོ་བ་དང། སྤྱི་འཐུས་ཀྱི་ཞབས་སྟེགས་སུ་སླེབས་པའི་ན་གཞོན་ཕལ་ཆེ་བའང་ཕྱོགས་ཞེན་དང་འཐེན་འཁྱེར་གྱི་རྣམ་པ་མངོན་གསལ་དོད་པོས་སྟོན་མ་ཐུབ་ན། མ་འོངས་པར་མདུན་ལམ་དང་གོ་སྐབས་མེད་པའི་མཐོང་ཚུལ་ཡོད་མཁན་ཇི་སྙེད་ཅིག་ཡོད་པ་ནི་གྲོས་ཚོགས་ཀྱི་ཁོར་ཡུག་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད། མི་ལོ་སུམ་ཅུ་ལ་ཉེ་བའི་སྔོན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ན་གཞོན་གསོ་སྐྱོང་བྱེད་སའི་སྡིངས་ཆ་ཆེན་པོ་ཞིག་ཡིན་ཡང། ད་ལྟ་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ལ་བརྟེན་ནས་ནུས་པ་ཆུང་དུ་སོང་ཡོད་པ་དང། དོ་སྣང་དང་འཛུལ་ཞུགས་བྱེད་མཁན་ཡང་དེ་སྔོན་དང་བསྡུར་ན་ཉུང་དུ་སོང་ཡོད་པས། ན་གཞོན་གསོ་སྐྱོང་བྱེད་སའི་ཁོར་ཡུག་རྒྱ་ཆེན་པོ་ཞིག་གི་གནས་སྟངས་ད་ལྟ་ཞན་དུ་སོང་བ་ནི་བོད་དོན་འཐབ་རྩོད་ཀྱི་ཐོག་ནས་བཤད་ན་ཕམ་ཁ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་མ་ཟད། འབུར་དུ་ཐོན་པའི་ན་གཞོན་གསོ་སྐྱོང་བྱེད་པར་འགལ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་ཡོད།
བཙན་བྱོལ་བོད་མིའི་ན་གཞོན་ནང་ཚོང་ལས་དང་རིག་རྩལ་གསར་གཏོད་ཀྱི་ཐོག་ནས་ནུས་པ་ཆེན་པོ་འདོན་ཐུབ་མཁན་སྐད་གྲགས་ཀྱི་མི་སྣ་དེ་འདྲ་ཧ་ལམ་མཐོང་རྒྱུ་མེད་ལ། དེ་ལྟ་བུའི་བསམ་བློ་གཏོང་མཁན་ཡང་ཕལ་ཆེར་དཀོན་པོ་ཡིན་པ་ལྟ་བུ་འདུག དེང་སྐབས་ན་གཞོན་མང་པོ་ཞིག་གིས་སྨན་ཞབས་ཀྱི་སློབ་སྦྱོང་ལ་འཚང་ཁ་རྒྱག་གི་ཡོད་པ་དང། དེའི་དམིགས་ཡུལ་ནི་ཨ་རི་དང། ཁེ་ན་ཌ་སོགས་སུ་སྨན་ཞབས་ལ་ལས་ཀའི་གོ་སྐབས་མང་པོ་ཡོད་པ་དང། གླ་ཆ་དང་མཐུན་རྐྱེན་གྱི་ཐོག་ནས་ཡག་པོ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་ཡོད། རྩ་བས་བོད་མིའི་སྒྲིག་འཛུགས་ནི་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་ཞུས་པའི་སྒྲིག་འཛུགས་ཤིག་ཡིན་པས། ན་གཞོན་མཐོ་སློབ་ཐོན་པ་ཚང་མར་ལས་ཀའི་གོ་སྐབས་སྤྲོད་ཐུབ་ཐབས་གཏན་ནས་མེད་པ་མ་ཟད། ལས་ཀའི་ཁོར་ཡུག་ཐོག་ནས་ཀྱང་ཆེད་ལས་སྣ་མང་ཐོག་སློབ་སྦྱོང་བྱས་ཀྱང་ལས་ཀའི་ཁོར་ཡུག་དཀོན་པོར་གྱུར་ཡོད་པས། གཞོན་སྐྱེས་རྣམས་ཀྱིས་སློབ་ཚན་འདེམས་ཕྱོགས་ལ་ཤུགས་རྐྱེན་རང་བཞིན་གྱིས་ཡོད་ངེས་རེད།
ཆེ་ས་ནས་རྒྱལ་ཁབ་དང་ཆུང་ས་ནས་གྲོང་སྡེ་ཞིག་ལ་མཚོན་ནའང། ན་གཞོན་རྣམས་ནི་མ་འོངས་པའི་བདག་པོ་དང་སྲོག་རྩ་ཉག་གཅིག་ཡིན་པས། ཤེས་ཡོན་དང་བློ་སྟོབས་ཅན་གྱི་མི་རབས་ཤིག་གསོ་སྐྱོང་ཐུབ་དགོས་པ་དེ་གལ་གནད་ཆེན་པོར་གྱུར་ཡོད། ཤེས་ཡོན་ཡོད་ཀྱང་བློ་སྟོབས་མེད་ན་ནུས་པ་ཆེན་པོ་ཞིག་འདོན་མི་ཐུབ་པར་ཤེས་ཡོན་མེད་པའི་འབྱོར་ལྡན་དག་གི་སྐད་སྒྱུར་དང་དྲུང་ཡིག་ཙམ་དུ་འགྱུར་སྲིད། སྙིང་སྟོབས་ཡོད་ཀྱང་ཤེས་ཡོན་མེད་ན་ལྟ་རྒྱ་མཐོང་རྒྱ་ཞན་པ་དང། ལས་དོན་གང་གི་ཐོག་ནས་བཤད་ཀྱང་རྒྱ་ཆེ་ས་ནས་ལེགས་ཉེས་བླང་དོར་འབྱེད་པའི་ཤེས་རབ་དང་བྲལ་བས་བྱ་བཞག་རྒྱ་ཆེན་པོ་ཞིག་གང་ཡང་འགྲུབ་མི་སྲིད་པ་རེད། དེར་བརྟེན་ཤེས་ཡོན་དང་སྙིང་སྟོབས་གཉིས་འཛོམས་ཀྱི་མི་རབས་ཤིག་གསོ་སྐྱོང་དང་འཚར་ལོང་ཡོང་བར་གཙོ་བོ་སློབ་གསོའི་ཁ་ཕྱོགས་ནོར་མི་རུང་བ་དང། སློབ་གསོའི་ཁ་ཕྱོགས་ལ་ནོར་འཁྲུལ་ཡོད་ན་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་རྩ་བ་རུལ་བའི་ཤིང་སྡོང་ལྟ་བུར་གྱུར་ཟིན་པས་དུས་ཡུན་རིང་པོར་གནས་ཐབས་གཏན་ནས་མེད།
མདོར་ན་བཙན་བྱོལ་བོད་མིའི་ན་གཞོན་རྣམས་ནི་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་གནས་སྡོད་བྱས་ཡོད་པས། རང་དབང་མང་གཙོ་ཅན་གྱི་སྤྱི་ཚོགས་སུ་འཚར་ལོང་བྱུང་བའི་ནང་ཚན་རིག་པ་དང། ཁྲིམས་ལུགས་མཁས་པ། ཚོང་ལས་སོགས་ཀྱི་ཐོག་ནས་ནུས་པ་རྒྱ་ཆེན་པོ་ཡོད་པའི་མི་སྣ་འཚར་ལོང་རྒྱུའི་གོ་སྐབས་ཆེན་པོ་ཡོད། འོན་ཀྱང་ཕ་མ་དང་སློབ་གྲྭའི་སློབ་གསོ་ལ་བརྟེན་ནས་མི་ཚེ་གཅིག་ལ་མི་གཞན་གྱི་ལག་ནས་གླ་ཆ་ལེན་ཐུབ་ཙམ་བྱ་རྒྱུ་ལས། རང་ཉིད་ཀྱིས་མི་མང་པོ་ལ་ལས་ཀ་སྤྲོད་ཐུབ་པའི་བསམ་བློ་ཞིག་གཏོང་མ་ཐུབ་ན། ཆབ་སྲིད་དང། ཚོང་ལས་སོགས་གང་ཐད་ནས་ནུས་པ་ཆེན་པོ་ཐོན་མི་ཐུབ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་གཏན་འབེབས་གནང་ཞིང། དེའི་ཁོར་ཡུག་ནས་འཚར་ལོང་བྱུང་བ་རྣམས་ཅུང་མི་འདྲ་ཙམ་ཡོད་ཀྱང། འབྲིང་རིམ་དང་མཐོ་རིམ་གྱི་ཤེས་ཡོན་སྲིད་བྱུས་ཚད་ལྡན་ཞིག་ད་དུང་གཏན་འབེབས་ཐུབ་མེད་པ་འདི་ཡང། ཤེས་འཇོན་ལྡན་པའི་མི་སྣ་གསོ་སྐྱོང་བྱེད་པར་འགལ་རྐྱེན་ཞིག་ཏུ་གྱུར་ཡོད་སྲིད།།
