བོད་ཀྱི་མང་གཙོའི་འཕེལ་རིམ་དང་བཀའ་དྲིན་རྗེས་དྲན།
ཟླ་འདིའི་ཚེས་༡༦ ཉིན་རྒྱབ་ལ་དྷ་ས་མེག་གྷན་ཁེ་ལབ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་དང་། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་གཉིས་མི་མང་ལ་གཏམ་བཤད་གནང་ཡོད་པ་རེད།
དེ་ཡང་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུས་གཏམ་བཤད་དེ་གོ་སྒྲིག་བྱེད་དགོས་དོན་གཙོ་བོ་ནི། ༧གོང་ས་མཆོག་གི་དགོངས་བཞེད་གཞིར་བཟུང་མང་གཙོའི་ཆབ་སྲིད་གོ་རྟོགས་མཐོར་འདེགས་གཏོང་ཐབས་ཆེད་གལ་ཆེའི་མི་སྣ་གདན་ཞུས་ཀྱིས་གསུང་བཤད་དང་། ཟབ་སྦྱོང་བགྲོ་གླེང་སོགས་གོ་སྒྲིག་ཞུ་བཞིན་པ་ལྟར། དེ་རིང་གི་གཏམ་བཤད་དེར་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་བརྗོད་གཞི་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་གྱིས་མང་གཙོའི་འཕེལ་རིམ་ནང་སྲིད་དོན་ཚོགས་པ་གལ་ཆེན་ཡིན་མིན་སྐོར་ལ་གཏམ་བཤད་གནང་རྒྱུ་གོ་སྒྲིག་བྱས་པ་ཡིན་སྐོར་འགྲེལ་བརྗོད་བྱས་སོང་།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་ཁོང་གིས་ཕྱི་ལོ་༢༠༠༩ ལོ་ནས་གཞིས་ཆགས་ཁག་ལ་སྐོར་སྐྱོད་འགྲོ་སྐབས། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་སྐོར་ལ་གཏམ་བཤད་བྱེད་འགོ་བཙུགས་ཡོད་པ་དང་། ཁོང་ལྟ་བུ་ཞིག་གིས་༧གོང་ས་མཆོག་གི་མཛད་རྗེས་མཐའ་དག་བཤད་ཐུབ་ཀྱི་མེད་སྐོར་དང་། བོད་མི་ཚོས་༧གོང་ས་མཆོག་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ཀྱང་། གང་འདྲ་བྱས་ནས་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་དགོས་པ་དང་གཞན་ལ་འགྲེལ་བཤད་རྒྱག་ཐུབ་པ་དགོས་པ་གལ་ཆེན་ཡིན་སྐོར་བརྗོད་ནས། ༧གོང་ས་མཆོག་སྐུ་འཁྲུངས་པ་ནས་ད་ལྟ་བར་གྱི་མཛད་རྣམ་སྙིང་བསྡུས་སྐོར་ལ་གཏམ་བཤད་གནང་སོང་། དེ་བཞིན་ཁོང་གིས་༧གོང་ས་མཆོག་གིས་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང། བོད་ནས་རྒྱ་གར་བར་བྲོས་བྱོལ་དུ་ཕེབས་སྐབས་ཀྱི་སྐོར་ལ་ཀློག་ན་མིག་ཆུ་ཤོར་དགོས་རྒྱུ་ཞིག་ཡོད་སྐོར་གསུངས་སོང་།
ཐེངས་འདིའི་གཏམ་བཤད་དེར་མང་གཙོ་ཚོགས་པས་ཁྱབ་བསྒྲགས་བྱས་ཡོད་ཀྱང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་གཙོས་པའི་མི་མང་༦༠ ཡས་མས་ཤིག་ལས་མི་འདུག་པས། ཁོང་གིས་ཟློས་གར་དུ་གཞས་དང་ལྟད་མོ་ཡོད་ན། ཚོགས་ཁང་ནང་མི་ཁེངས་ཀྱི་ཡོད་པ་དང་། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་གཏམ་བཤད་ལ་མི་མང་མང་པོ་སླེབས་མེད་ཀྱང་། མི་མང་ཉུང་གིས་ཁྱད་པར་མེད་པས། སླེབས་མཁན་ཚང་མ་ལ་ལེགས་གསོའི་བསྔགས་བརྗོད་ཡོད་སྐོར་གསུངས་སོང་།
དེ་རྗེས་བོད་མི་མང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་གྱིས་༧གོང་ས་མཆོག་ལ་མང་གཙོའི་དགོངས་པ་དེ་བོད་ནང་ཡོད་དུས་ནས་ཡོད་པ་དང་། སྐབས་དེར་ལེགས་བཅོས་ཚོགས་ཆུང་བཙུགས་ནས་ཕྱག་ལས་གནང་ཡོད་ཀྱང་། རྗེས་སུ་བཙན་བྱོལ་ལ་ཕེབས་དགོས་བྱུང་ནས། སླར་ཡང་མང་གཙོའི་ལམ་སྲོལ་བོད་མི་མང་ལགསོལ་རས་བརྩལ་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་ཕྱི་ལོ་༡༩༦༠ ལོར་གནས་མཆོག་རྡོ་རྗེ་གདན་དུ་བོད་ཀྱི་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཁག་གི་སྐུ་ཚབ་ཚོས་༧གོང་ས་མཆོག་གི་དྲུང་ནས་ཆོལ་གསུམ་རྡོག་རྩ་གཅིག་བསྒྲིལ་བྱས་ནས། ༧གོང་ས་མཆོག་གི་འོག་ན་ལས་ཀ་བྱེད་ཀྱི་ཡིན་ཞེས་མནའ་བསྐྱལ་ཡོད་པ་རེད། གནའ་ཚིག་དེ་དག་ལ་བལྟ་དུས། ཕྱི་ལོ་༢༠༡༦ ལོའི་འོས་བསྡུའི་སྐབས་ཀྱི་ཕྱོགས་རིས་ཀྱི་བྱེད་ལས་དེ་དག་བྱེད་མི་ཕོད་པ་ཞིག་ཡིན་སྐོར་གསུངས་སོང་།
དེ་བཞིན་ཁོང་གིས་ད་ལྟའི་ཆར་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་བྱེད་བཞིན་ཡོད་པ་དང་། བསམ་འཆར་ཡིག་ཆ་སྟོང་ཕྲག་གཅིག་ལྷག་སླེབས་ཡོད་པས། མ་འོངས་པར་ཆོལ་ཁ་དང་ལུང་ཚན་གྱི་ཚོགས་པ་ཚོས་སྲིད་སྐྱོང་འོས་མི་འདོན་རྒྱུ་མེད་པ་ཆགས་རྒྱུ་ངེས་གཏན་ཡིན་པས། སྐབས་དེར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྐྱོང་འོས་བསྡུ་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་རྒྱུ་ཡིན་པ་དང་། དེ་ཡང་ཚོགས་པ་དེའི་རླབས་ཆེན་གྱི་ལས་འགན་ཡིན་སྐོར་གསུངས་སོང་།
དེ་རྗེས་མི་མང་དང་དྲི་བ་དྲི་ལན་བྱས་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།
