བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༥ པ་མཇུག་བསྒྲིལ་ཡོད་པ་རེད།

ཟླ་འདིའི་ཚེས་༡༠ ནས་ཉིན་༦ རིང་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་༡༥ པ་དེ་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་འཚོགས་ཡོད་པ་དང་། མ་འོངས་མཐོ་རིམ་སློབ་མའི་སློབ་གཉེར་བྱེད་ཕྱོགས་སྐོར་ལ་མཁས་པའི་གཏམ་བཤད་དང་། བགྲོ་གླེང་གནང་ནས་གྲོས་ཆོད་ཁག་ཅིག་ཀྱང་བཞག་ཡོད་པ་རེད།

ཟླ་འདིའི་ཚེས་༡༥ ཉིན་ཚོགས་ཆེན་འཇུག་སྡོམ་མཛད་སྒོའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ཕེབས་པ་དང་། ཁོང་གིས་བོད་ཀྱི་འདོད་མའི་ཆོས་ལུགས་ཀྱི་འགོ་ཁུངས་དང་ལོ་རྒྱུས་ཀྱི་ཁྲོད་དུ་གལ་གནད་ཆེ་བའི་བོན་གྱི་གདན་ས་ཆེན་མོ་འདི་འདྲ་ཞིག་གི་ནང་དུ་བོད་ཀྱི་མཐོ་རིམ་སློབ་མ་མང་པོ་ཞིག་མཉམ་དུ་འཛོམས་ནས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཚོགས་ཐུབ་པ་ནི་ལོ་རྒྱུས་རང་བཞིན་ལྡན་པ་དང་གལ་འགངས་ཆེ་བ་ཞིག་ཡིན་པའི་སྐོར་དང་། དེ་བཞིན་མཐོ་རིམ་སློ་མའི་ཚོགས་ཆེན་གྱི་འགྲོ་སོང་གཏོང་ཕྱོགས་ཀྱི་ཐོག་ལ་ཡང་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལྷན་ཁང་ལ་དངུལ་རྩིས་བཀའ་ཁྲོལ་ཞུ་སའི་ཐབས་ལམ་ཡོད་མེད་ཀྱི་གཟིགས་རྟོགས་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཤེས་རབ་གྲགས་པས་བོན་པོ་སྨན་རི་དགོན་གྱི་ཁྲི་འཛིན་དང་འཛིན་སྐྱོང་ལྷན་ཚོགས་ཀྱིས་ཐེངས་འདིའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདིར་ཚོགས་རྒྱུ་ལ་དགའ་ཞིང་སྤྲོ་བོའི་ངང་ནས་དང་ལེན་གནང་བ་མ་ཟད། མཐུན་འགྱུར་རོགས་རམ་ཧ་ཅང་ལེགས་པོ་གནང་བར་བརྟེན། ད་ཐེངས་ཀྱི་ཚོགས་འདུ་འདི་ནི་སྔར་ལས་ལྷག་པ་བྱུང་སོང་ཞེས་བརྗོད་སོང་།

དེ་བཞིན་ཐེངས་འདི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཞིབ་འཇུག་ཚོགས་གཙོ་བློ་བཟང་ཚེེ་དཔག་གིས་བོད་ཀྱི་མཐོ་རིམ་སློབ་མའི་ཆེད་དུ་ཚོགས་བཅར་བ་ནི་སྐྱ་སེར་དབྱེར་མེད་ཀྱི་བོད་ཀྱི་མཐོ་རིམ་སློབ་མ་ཤ་སྟག་ཡིན་པ་དང་། སྐྱ་བོ་ཚོར་སེར་མོ་བའི་རྩ་ནས་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ལེགས་བྱང་ལེན་རྒྱུ་ཡོད་པ་དང་། སེར་མོ་བ་ཚོར་སྐྱ་བོའི་སློབ་གཉེར་བའི་རྩ་ནས་དེང་དུས་དང་མཐུན་པའི་ཞིབ་འཇུག་དཔྱད་རྩོམ་འབྲི་སྟངས་སོགས་སྦྱོང་རྒྱུ་ལེན་རྒྱུ་ཡོད་པས། ཚོགས་ཆེན་འདི་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་ཞེས་བརྗོད་སོང་། 

ཐེངས་འདིའི་ཚོགས་ཆེན་དུ་ཤེས་རིག་བརྡ་ཆད་གཏན་འབེབ་ཚན་པས་བོད་ཀྱི་ཐ་སྙད་གསར་བཟོ་གནང་བཞིན་པ་རྣམས་དུས་ཐོག་ཏུ་བདུན་རེའི་ནང་བོད་ཀྱི་དྲ་བརྙན་ནང་དུ་སྟོན་གནང་ཡོང་བའི་རེ་སྐུལ་གྲོས་ཆོད་དང་། མཐོ་རིམ་སློབ་གྲྭ་ནས་སློབ་སྦྱོང་ཐོན་བཞིན་པའི་རིགས་གཅིག་རྐང་འཛིན་བྱེད་འདོད་པ་རྣམས་ལ་སྡེ་ཚན་ཟུར་འཛུགས་ཡོང་རྒྱུའི་རེ་སྐུལ་གྲོས་ཆོད་སོགས་བརྗོད་གཞི་སྣ་ཚོགས་ཐོག་ཁྱོན་བསྡོམས་གྲོས་ཆོད་དགུ་ཞིག་བཞག་ཡོད་འདུག

ཐེངས་འདིའི་ཚོགས་ཆེན་དུ་མཐོ་སློབ་ཁག་༢༥ ནས་སློབ་གཉེར་བ་དགུ་བཅུ་ལྷག་མཉམ་ཞུགས་བྱས་ཡོད་པ་དང་། ཚང་མས་མང་མོས་ཐོག་ཐེངས་རྗེས་མའི་ཚོགས་ཆེན་ཐེངས་༡༦ དེ་བྷེང་ལོ་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་ཚོགས་རྒྱུ་གཏན་ཁེལ་གནང་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།