བོད་ཀྱི་ཞོ་སྟོན་དུས་ཆེན་རྒྱ་གཞུང་གིས་དྲིལ་བསྒྲགས་ཆེད་བེད་སྤྱོད་བྱེད་བཞིན་འདུག


 


རྒྱ་ནག་གཞུང་གི་འཆར་གཞི་ལྡན་པའི་བཀོད་སྒྲིག་འོག་ད་ལོར་བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་གང་སར་ནས་དུས་ཆེན་ག་གེ་མོའི་མིང་ཐོག་ནས། གཞས་སྣ་འཁྲབ་སྟོན་སོགས་དུས་བདེ་ལྷིང་འཇགས་དང་དགའ་དགའ་སྤྲོ་སྤྲོའི་ཕྱི་ཚུལ་གྱི་རྣམ་པ་རྒྱ་ཆེར་སྟོན་འཇུག་གི་ཡོད་ལ། འདི་ནི་བོད་ཀྱི་དངོས་ཡོད་ལ་ལྟ་བའི་འཛམ་བུ་གླིང་གི་མིག་དབང་འཁྲུལ་དུ་འཇུག་བྱེད་ཀྱི་དྲིལ་བསྒྲགས་ཤིག་ཡིན་པ་བཞིན།  དེ་རིང་སྟེ་ཕྱི་ཟླ་༨ པའི་ཚེས་༡༦ ནས་༢༢ བར་ཉིན་བདུན་གྱི་རིང་ཞོ་སྟོན་གྱི་བྱེད་སྒོ་གཙོ་བོ་བདུན་གྱིས་མཚོན་པའི་བྱེད་སྒོ་འདྲ་མིན་གྱིས་ལྷ་སའི་ཞོ་སྟོན་དགའ་སྤྲོའི་ངང་ནས་སྲུང་བརྩི་ཞུ་གི་ཡོད་པའི་རྣམ་པ་ཞིག་སྟོན་འཇུག་གི་འདུག དེ་སྔོན་ཡིན་ན་དྲག་ཆས་སྤྲས་པའི་དམག་གིས་མཐའ་བསྐོར་ནས་ཞོ་སྟོན་སྲུང་བརྩི་བྱེད་ཀྱི་ཡོད་རུང་། ད་ལོ་སྔོན་ཆད་ལྟར་དྲག་ཆས་སྤྲས་པའི་སྲུང་དམག་དེ་ཙམ་མཐོང་རྒྱུ་མེད་པ་ནི་རྒྱུ་མཚན་ཁ་ཤས་ཤིག་གམ་ཁོང་ཚོའི་གཡོ་བྱུས་ལ་འགྱུར་བ་སོང་ཡིན་ངེས་ཏེ། གཅིག་ནི་པར་ཆས་འཛིན་མཁན་ཚོར་སྔོན་ཚུད་ནས་པར་རྒྱག་སྟངས་ཀྱི་སྒྲིག་གཞི་བཟོས་ཡོད་ངེས་རེད་ལ། གཞན་ཡང་དྲག་ཆས་དེ་འཛམ་གླིང་གི་སྣང་ངོར་མཛེས་པོ་མེད་པས་སྲུང་དམག་ཚོས་ཆས་དཀྱུས་མ་སྤྲས་ཡོད་སྲིད་པ་རེད། བརྒྱུད་ལམ་ཁག་གི་བརྙན་ལས་ཉེན་རྟོག་པ་ཆས་སྔོ་ནག་གྱོན་མཁན་ཞིག་དང་མེ་གསོད་རུ་ཁག་གི་ཆས་ལྟ་བུ་དམར་སེར་གྱོན་པ་བཅས་གཉིས་མཐོང་རྒྱུ་འདུག སྤྱིར་ད་ཆར་ལྷ་སའི་གནམ་ས་ཡོངས་སུ་པར་མིག་འོག་ཏུ་བཙུད་ཡོད་པས་ད་ལོར་དྲག་ཆས་སྤྲས་པ་ཚོ་གནས་ཚུལ་བྱུང་ན་གཏོང་ཆོག་ཆོག་ལས་པར་མིག་གི་ནང་དུ་མ་ཚུད་ཐབས་བྱས་པ་འདྲ།

དེ་རིང་ཞོགས་པའི་ཆུ་ཚོད་བརྒྱད་ནས་༨ ནས་ཉིན་གུང་ཆུ་ཚོད་༢ བར་འབྲས་སྤུངས་གོས་སྐུ་ཆེན་མོ་བཤམས་ཡོད་འདུག་པ་དང་། ཞོགས་པའི་ཆུ་ཚོད་༩ ནས་ཉིན་གུང་ཆུ་ཚོད་༣ བར་སེ་རའི་གོས་སྐུ་བཤམས་ཡོད་འདུག གོས་སྐུ་མཇལ་མཁན་རྣམས་མདང་ནུབ་མཚན་མོའི་ཆུ་ཚོད་༡༢ ནས་བང་སྒྲིག་བཞིན་པ་བརྒྱུད་ལམ་ཁག་ནས་མཐོང་རྒྱུ་ཡོད་པ་རེད།  ཕྱི་ཚེས་༡༦ ནས་༢༡ བར་ལས་བྱེད་རྣམས་གཞུང་འབྲེལ་གྱིས་གུང་གསེང་བཏང་སྟེ་ཞོ་སྟོན་གྱི་བྱེད་སྒོ་དག་ལ་ཞུགས་འཇུག་གི་འདུག་པ་དང་།
དེ་རིང་གི་ཞོ་སྟོན་གྱི་དུས་ཆེན་དེ་ཉིད་དྲིལ་བསྒྲགས་ཀྱི་བེད་སྤྱོད་བྱེད་མཁན་རྒྱ་གཞུང་གི་བརྒྱུད་ལམ་ཁག་དུ་མ་ཞིག་གིས་ཚ་ཚ་འུར་འུར་རེད་འདུག་ལ། དེའི་ནང་ནས་གཙོ་བོ་ཀྲུང་དབྱང་བརྙན་འཕྲིན་ཁང་དང་། པེ་ཅིན་བརྙན་འཕྲིན་ཁང་། ཅང་སུས་བརྙན་འཕྲིན་ཁང་བཅས་ཀྱི་མདོ་འཛིན་པ་ཚོ་ཆེད་དུ་ལྷ་སར་བསླེབས་ཏེ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཐོག་ནས་བོད་ལྗོངས་གསར་པ་ཟེར་བར་བསྟོད་བསྔགས་གཏོང་བཞིན་ཞོ་སྟོན་གྱི་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཟེར་བ་འཚོགས་ཡོད་པ་དང་། ཕྱི་ཚེས་༡༦ གི་དགོང་མོར་ལྷ་སའི་ཆུ་ཚོད་༩པའི་ཐོག་ལྷ་ས་ནས་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་ཞོ་སྟོན་གྱི་མཚན་ཚོགས་ཞེས་པ་ཐད་གཏོང་བྱེད་རྒྱུ་ཡིན་འདུག མ་ཟད་ད་ལོའི་ཞོ་སྟོན་གྱི་བྱེད་སྒོ་གཙོ་བོ་ཁག་བདུན་ནི། ལྷ་མོའི་འཁྲབ་སྟོན། རྟ་རྒྱུགས་འགྲན་བསྡུར། བོད་ཀྱི་མིག་མང་གཟིགས་འབུལ་འགྲན་བསྡུར། གོས་སྐུ་འགྲེམ་སྟོན་སོགས་ཡིན་པ་དང་། བྱེད་སྒོ་དེ་དག་འབྲས་སྤུངས། སེ་ར། ནོར་བུ་གླིང་ཁ། རྫོང་རྒྱབ་ཀླུ་ཁང་། ལྷ་སའི་བྱང་འདབས་རྟ་རྒྱུགས་ཐང་། མང་ཚོགས་ལུས་རྩལ་ལྟེ་གནས་བཅས་སུ་སྤེལ་རྒྱུ་ཡིན་འདུག
སྤྱིར་ཞོ་སྟོན་ཞེས་པ་ནི་དགེ་འདུན་པ་རྣམས་དབྱར་ལ་གནས་པའི་ཚེ་ན་ཞོ་ཡི་བསྙེན་བཀུར་ཞུ་བའི་དུས་ཡིན་པས་ཞོ་སྟོན་ཟེར་བ་སོགས་འགྲེལ་བཤད་མི་འདྲ་བ་ཁ་ཤས་ཡོད།  དཔེར་ན་ལོ་ངོ་༢༦༠༠ གཡས་གཡོས་ཏེ་སྟོན་པ་ཞལ་བཞུགས་པའི་སྐབས་སུ་ནམ་རྒྱུན་དགེ་འདུན་པ་རྣམས་བསོད་སྙོམས་སློང་བཞིན་འཚོ་བ་སྐྱེལ་གྱི་ཡོད་ཀྱང་། དབྱར་ཟླ་བ་གསུམ་གྱི་རིང་དུ་དབྱར་ཁྲིམས་སྲུང་དགོས་པས་ཕྱིར་ཕེབས་ཐབས་མེད་པར་བརྟེན་སྦྱིན་བདག་དང་ཞལ་ཏ་བ་ཚོས་ཞོ་འབུལ་གྱི་ཡོད་པས་ཞོ་སྟོན་དེ་སྔར་ནས་བྱུང་བར་འདོད་པ་དང་། ཡང་བོད་དུ་དབྱར་གནས་སྐབས་སུ་སེ་ར་འབྲས་སྤུངས་ཀྱི་སྤྱི་སོས་དགེ་འདུན་པར་ཞོའི་སྟོན་མོ་འབུལ་སྲོལ་ཡོད་པ་དང་སྐབས་དེར་ལྷ་མོའི་འཁྲབ་སྟོན་གཟིགས་འབུལ་ཞུ་སྲོལ་ཡོད་པས་ཞོ་སྟོན་ཞེས་སྲོལ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཏུ་གྱུར་ཚུལ་དང་།


གཞན་ཡང་ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐབས་ནས་ཞོ་སྟོན་གྱི་ཉིན་ལ་བོད་ཀྱི་བཀྲ་ཤིས་ཞོལ་པ་དང་། བྲོ་པ། ཤེལ་རོང་འབྲོང་རྩེད་པ་བཅས་འབྲས་སྤུངས་སུ་ཡོང་ནས་དགའ་ལྡན་ཕོ་བྲང་གི་མདུན་དུ་ཟློས་གར་དང་ལྷ་མོའི་འཁྲབ་སྟོན་གཟིགས་མོ་འབུལ་ཞུ་གི་ཡོད་པ་དང་། དེ་ནི་ཉིན་དེར་འབྲས་སྤུངས་གོས་སྐུ་ཆེན་མོ་བཀྲམ་པའི་མདུན་དུ་ཞལ་ངོ་གསར་རྙིང་བརྗེ་བའི་རྟེན་འབྲེལ་ལ་བསུ་བ་ཞུ་ཆེད་ཡིན་པར་ཡང་རྗོད་ཀྱི་ཡོད།
དེ་བཞིན་ཞོ་སྟོན་སྐབས་ནོར་བུ་གླིང་ཁར་ལྷ་མོའི་འཁྲབ་སྟོན་བྱེད་སྲོལ་དེ་ཡང་སྔོན་ཡིན་ན་མི་མང་རྣམས་འབྲས་སྤུངས་སུ་ལྷ་མོ་ལྟ་བར་འགྲོ་བ་ལས། ནོར་བུ་གླིང་ཁར་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་བྱེད་སྲོལ་མེད་ཀྱང་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་༧རྒྱལ་བ་མཁས་གྲུབ་རྒྱ་མཚོ་དགུང་ལོ་བཅུ་གཅིག་ལ་ཕེབས་པ་(༡༨༤༩)ལོར་ནོར་བུ་གླིང་ཁའི་བསྐལ་བཟང་ཕོ་བྲང་གི་རྒྱབ་ངོས་སུ་དབུ་གཡབ་གཟིམ་ཆུང་གསར་རྒྱག་གནང་ཞིང་།  དེ་ནས་བཟུང་དབྱར་ཁའི་རིང་ནོར་བུ་གླིང་ཁར་བཞུགས་པའི་སྲོལ་བྱུང་ཞིང་། ཞོ་སྟོན་དང་ཆབས་ཅིག་བསྐལ་བཟང་ཕོ་བྲང་ཤར་ངོས་སྡིངས་ཆའི་སྟེང་དུ་སྐབས་དེར་ཡོད་པའི་བོད་ཀྱི་ཟློས་གར་སྐད་གྲགས་ཆེ་བ་རྣམས་ཡོང་ནས་འཁྲབ་སྟོན་གཟིགས་འབུལ་གྱི་སྲོལ་བྱུང་བར་བརྗོད་པ་དང་། ཡང་ཕྱི་ལོ་༡༩༡༣ལོར་༧གོང་ས་སྐུ་ཕྲེང་བཅུ་གསུམ་པས་ནོར་གླིང་དུའང་ཞོ་སྟོན་ལྷ་མོ་འཁྲབ་དགོས་པར་གཏན་འབེབས་གནང་བ་ནས་བཟུང་བོད་ཀྱི་ལྷ་མོའི་འཁྲབ་སྟོན་པ་གྲགས་ཆེ་བ་རྣམས་སྐད་བཏང་སྟེ་ལོ་ལྟར་ནོར་གླིང་དུ་གཟིགས་ཕུད་ལྷ་མོའི་འཁྲབ་སྟོན་ཞུ་སྲོལ་བྱུང་བས། ཞོ་སྟོན་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཙམ་མིན་པར་ལྷ་མོའི་རིག་རྩལ་གྱི་བྱེད་སྒོ་ཞིག་ཀྱང་ཡིན་པ་བཅས་ཤོས་སྲོལ་སྣ་ཚོགས་ཤིག་ཡོད་པ་རེད།


གསར་འགོད་པ་བསྟན་འཛིན་ལམ་བཟང་།