བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་སྔོན་འགྲོའི་ལས་གཞི་གྲུབ་ཡོད་འདུག

ཟླ་ ༥ ཚེས་ ༢༥ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་འཆར་གྱི་སྔོན་འགྲོའི་ལས་གཞི་ལེགས་པར་གྲུབ་པ་དེ་ཉིད་དབུ་འབྱེད་དང་སྦྲགས་ལས་གཞི་གྲུབ་པ་ཁག་གཅིག་ལ་གཟིགས་ཞིབ་གནང་ཡོད་འདུག

བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འགྲེམས་སྟོན་གསར་པའི་ལས་གཞི་དང་འབྲེལ་གསུང་དོན། བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་འཆར་ནི་ཕྱི་ལོ་༢༠༡༧ ལོར་དངོས་སུ་འགོ་བཙུགས་གནང་སྟེ་ད་ཆ་ལོ་བཞི་མན་ཙམ་འགྲོ་ཡི་ཡོད། དེ་སྔ་འཆར་གཞི་ལྟར་སྔོན་འགྲོའི་ལས་གཞི་ཆ་ཚང་ལེགས་པར་གྲུབ་རྗེས་ཕྱི་ཟླ་༥ ནང་དབུ་འབྱེད་གནང་རྒྱུའི་འཆར་གཞི་སྒྲིག་པ་མ་ཟད། ཕྲན་རང་ཕྱི་ཟླ་༣ པའི་ནང་ལྡི་ལིར་དངོས་སུ་ཕྱིན་ཏེ་ཟླ་བ་གཅིག་མ་ཟིན་ཙམ་རིང་ས་གནས་སུ་བསྡད་དེ་ལས་དོན་ཆ་ཚང་འགྲིག་སོང་། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་ཛ་དྲག་གནས་སྟངས་ཐོན་པ་ནས་བཟུང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཀའ་རྒྱ་དམ་པོ་བསྡམས་ཡོད་པ་དང་། གཞན་ཡང་བཟོ་ལས་ཁང་དུ་ནད་པ་ཇེ་མང་ཐོན་པར་བརྟེན་མུ་མཐུད་ལས་དོན་བྱེད་ཐུབ་མེད་པར་བརྟེན་བོད་ཀྱི་འགྲེམས་སྟོན་ཁང་གསར་པ་དེ་ཉིད་ཆ་ཚང་ཞིག་དབུ་འབྱེད་གནང་མ་ཐུབ་པར་དགོངས་སེལ་ཞུ་རྒྱུ་ཡིན།

འགྲེམས་སྟོན་ཁང་གསར་པའི་ནང་ཁྱོན་ཚན་པ་བཅུ་གཅིག་ཡོད། དེང་དུས་འགྲེམས་སྟོན་ཁག་གི་བསྒྲུབ་བྱ་དང་མཚུངས་པ་ཞིག་ཆགས་ཀྱི་ཡོད། མ་འོངས་པར་འགྲེམས་སྟོན་ཁང་དུ་ལས་དོན་བྱེད་མཁན་འགྲེམས་སྟོན་གྱི་སློབ་སྦྱོང་ཡོད་མཁན་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་གཞིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱབ་སྐྱོར་གནང་བར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་ཡོངས་ནས་ཐུགས་རྗེ་ཆེ་ཞུའི་སྟོན་པའི་སྐུ་བརྙན་ཞིག་ཕུལ་བ་དང་སྦྲགས་དུས་ནས་དུས་སུ་འགྲེམས་སྟོན་གྱི་ལས་དོན་ཐད་ལམ་སྟོན་གནང་སྐྱོང་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། དུས་ཚོད་ཀྱི་རྐྱེན་པས་ཚང་མ་འདིར་ཞུ་ཐབས་དཀའ་བར་བརྟེན་བོད་ཀྱི་བརྙན་འཕྲིན་བརྒྱུད་བོད་ཀྱི་འགྲེམས་སྟོན་གསར་པའི་ལས་གཞི་དང་ནང་དོན་སྐོར་ཞིབ་ཕྲ་ཞུ་རྒྱུ་ཡིན་པས་དེར་གཟིགས་གནང་ཡོང་བ་ཞུ། ཞེས་གསུངས་འདུག

དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་འདིར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གསར་པའི་ལས་འཆར་གྱི་སྔོན་འགྲོའི་ལས་གཞི་གྲུབ་པའི་དབུ་འབྱེད་མཛད་སྒོར་བཅར་རྒྱུ་བྱུང་བར་དགའ་པོ་བྱུང་། དེ་སྔ་ངས་ཞུས་པ་ལྟར། སྲིད་སྐྱོང་གི་ལས་ཡུན་མ་རྫོགས་བའི་གོང་གལ་ཆེ་ལས་དོན་ལྷག་པ་གསུམ་ཡོད་པ་དེ་དག་ནི་དྲ་རྒྱའི་ལམ་ནས་དཔྱ་ཁྲལ་འབུལ་རྒྱུ་དང་། བོད་སློབ་འཛིན་ཚོགས་ནས་སློབ་གྲྭ་ཁག་ཆ་ཚང་རྩིས་ལེན་རྒྱུ། མཐར་བོད་ཀྱི་འགྲེམས་སྟོན་ཁང་དབུ་འབྱེད་དེ་རེད། སློབ་གྲྭ་ཁག་རྩིས་ལེན་རྒྱུ་དེ་ལོ་བཅུ་གོང་ནས་འབད་བརྩོན་བྱས་ཏེ་འགྲོ་བཞིན་པ་རེད།

སྤྱིར་འདི་ལོའི་ཕྱི་ཟླ་༤ པའི་ནང་རྒྱ་གར་ཤེས་རིག་ལྷན་ཁང་ནས་སློབ་གྲྭ་ཁག་རྩིས་ལེན་རྒྱུར་ཚོགས་འདུ་མཐའ་མ་དེ་ལྡི་ལིར་འཚོགས་གཏན་འཁེལ་ཡོད། འོན་ཀྱང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡོངས་རྫོགས་ཐེམ་སྤང་བཀའ་རྒྱ་བསྡམས་དགོས་བྱུང་ཡོད་པ་མ་ཟད། ཧི་མཱ་ཅལ་ཡང་ཐེམ་སྤང་བཀའ་རྒྱ་བསྡམས་དགོས་བྱུང་ཡོད་སྟབས་ཐག་གཅོད་བྱེད་མ་ཐུབ་པར་ལྷག་པ་གཅིག་འདི་རེད།  དེ་ནས་དྲ་རྒྱ་ལམ་ནས་དཔྱ་ཁྲལ་འབུལ་རྒྱུའི་ལས་གཞི་ལེགས་པར་གྲུབ་རྗེས་དབུ་འབྱེད་གནང་ཐུབ་པ་བྱུང་ཡོད། འགྲེམས་སྟོན་ཁང་གསར་རྒྱག་གི་ལས་གཞི་དེ་བཀའ་ཤག་སྐབས་༡༥ པའི་ལས་ཡུན་མ་རྫོགས་གོང་ནས་ཚར་ཐུབ་ན་བསམ་པའི་རེ་བ་ཆེན་པོ་བྱས་པ་ཡིན། དེའི་ཐད་འགྲེམས་སྟོན་ཁང་གི་འགན་འཛིན་གྱིས་གཙོས་ལས་བྱེད་རྣམས་ནས་མ་བྱས་པ་གང་ཡང་མ་རེད། ཁོང་རྣམས་པས་ཧུར་ཐག་གནང་སོང་། འོན་ཀྱང་ནད་ཡམས་ཀྱི་རྐྱེན་པས་ཆ་ཚང་ཚར་ཐུབ་མེད།

དེ་རིང་བོད་ཀྱི་འགྲེམས་སྟོན་གསར་པའི་ལས་འཆར་གྱི་སྔོན་འགྲོའི་ལས་གཞི་དབུ་འབྱེད་བྱེད་དགོས་དོན་གཙོ་བོ་ནི་བོད་ཀྱི་འགྲེམས་སྟོན་ཁང་གསར་རྒྱག་གི་ལས་གཞི་དེ་ཉིད་བཀའ་ཤག་སྐབས་༡༥ པའི་དུས་སུ་འགོ་བཙུགས་གནང་ཡོད་པར་བརྟེན་ང་ཚོས་ཐུགས་རྗེ་ཆེ་ཞུ་དགོས་པ་མང་པོ་ཞིག་ཡོད། ཐོག་མར་འགྲེམས་སྟོན་ཁང་གསར་པར་མང་ཚོགས་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཅ་ལག་རྙིང་པ་མང་པོ་ཞིག་གནང་ཡོད། ཡིད་ཆེས་ཆེན་པོའི་ཐོག་ནས་ཅ་ལག་གནང་མཁན་ཡོངས་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

འགྲེམས་སྟོན་ཁང་གསར་རྒྱག་གི་ལས་གཞི་ཆེད་རོགས་དངུལ་ཕོན་ཆེན་པོ་ཞིག་རགས་ཡོད། རོགས་དངུལ་གནང་མཁན་ཨ་རིའི་ཐེབས་རྩ་དང་། NED བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཞན་ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མ་དངུལ་རང་ནས་འགྲོ་སོང་ཕོན་ཆེན་པོ་བཏང་ཡོད། འགྲེམས་སྟོན་ལས་བྱེད་ཡོངས་ནས་འགྲེམས་སྟོན་ཁང་གསར་པའི་ལས་གཞི་ཐོག་སྐུ་ལས་ཧ་ཅང་བསྐྱོན་པར་ཡི་རང་བསྔགས་བརྗོད་དང་སྦྲགས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

འགྲེམས་སྟོན་གསར་པ་དེའི་ནང་བོད་ཀྱི་ངོ་སྤྲོད་སྙིང་བསྡུས། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་མ་བྱས་གོང་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། ད་ལྟའི་བོད་ནང་གི་གནས་སྟངས་དང་། ཁོར་ཡུག ༧གོང་ས་མཆོག་གི་མཛད་རྣམ་སོགས་ཀྱི་བརྗོད་གཞི་༡༡ ཐོག་སྒྲིག་གཤོམ་གཏན་འཇགས་བྱ་རྒྱུ་དང་། དེ་བཞིན་དུས་ཐུང་འགྲེམས་སྟོན་སྡེ་ཚན་། གློག་བརྙན་སོགས་ཀྱི་སྡེ་ཚན་བཟོ་ཆར་ཡོད་འདུག འགྲེམས་སྟོན་ཁང་གི་མཉེན་ཆས་དང་སྐད་རིགས་འདྲ་མིན་གྱི་འགྲེལ་བཤད་ཡོད་པའི་སྒྲ་ཉན་མཐུན་རྐྱེན་ཡང་བསྐྲུན་འཆར་ཡོད་པ་རེད། དེ་སྔོན་བོད་མིའི་སྒྲིག་འཛུགས་ནས་ འགྲེམས་སྟོན་ཁང་གསར་པ་དེའི་ནང་གི་བཀོད་རིས་དང་མཐུན་རྐྱེན་སོགས་ཀྱི་ཐོག་ལ་འགྲོ་སོང་ཧིན་སྒོར་འབུམ་༦༠༠ འགྲོ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།