བོད་ཀྱི་འཐབ་རྩོད་ཉམ་ཉེས་ཀྱི་རྒྱུ་རྐྱེན།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༧༥ །  

ད་ལྟའི་ཆར་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་ཉམ་ཉེས་ཆེན་པོ་ཞིག་བྱུང་ཡོད་པ་དང། དེ་ཡང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ནུས་པ་ཙམ་མ་ཡིན་པར་བཙན་བྱོལ་བོད་མི་མི་རེ་ངོ་རེ་བཞིན་རྩ་དོན་འཐབ་རྩོད་ཀྱི་སེམས་ཤུགས་དང་བློ་སྤོབས་གང་ཡང་མེད་པར་གྱུར་ཟིན་ཞེས་བརྗོད་ཀྱང་ཐལ་ཆ་ཆེན་པོ་མེད། རྒྱ་དམར་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་མཁན་དག་གིས་བོད་དོན་ལག་ཆ་བྱས་ནས་མངོན་གསལ་དོད་པོས་རྒྱ་གཞུང་གི་ས་ནས་ཁེ་ཕན་ལེན་བཞིན་ཡོད་པ་དང། སྤྱི་ཚོགས་ནང་རྒྱ་དམར་གཞུང་ལ་སྐྱོན་བརྗོད་ནན་པོ་བྱེད་མཁན་དང་བོད་རང་བཙན་སླར་གསོ་དགོས་པའི་བསམ་ཚུལ་ཤོད་མཁན་དག་གི་ཀུན་སློང་ལ་དོགས་པ་བྱེད་པ་མ་ཟད། ༧གོང་ས་མཆོག་ལ་དད་མོས་མེད་མཁན་ཡིན་པར་གླེང། དམར་ཤོག་གི་ལམ་ལུགས་ལ་འགྱུར་བ་གང་ཡང་མི་དགོས་པར་རྒྱ་དམར་གཞུང་གི་འོག་ཏུ་རྒྱ་མི་རིགས་དང་མཉམ་གནས་བྱ་རྒྱུར་གྲ་སྒྲིག་ཡོད་ཚུལ་བརྗོད་ན། བོད་ཀྱི་རྩ་དོན་འཐབ་རྩོད་པ་ཡིན་ཚུལ་དང། ༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་ཚུལ་བརྗོད་མཁན་མང་པོ་ཡོད།

བོད་མི་འབུམ་བཅུ་གཉིས་ལྷག་དུས་མིན་རྐྱེན་ལམ་དུ་བཏང་ཞིང། དགོན་སྡེ་སྟོང་ཕྲག་དྲུག་ལྷག་གཏོར་བཤིག་བྱེད་མཁན། བོད་ཀྱི་ཆོས་སྲིད་དཔལ་ཡོན་ཆ་ཚང་མིང་གི་ལྷག་མ་ཙམ་དུ་སྒྱུར་མཁན་གྱི་དགྲ་བོ་རྒྱ་དམར་གཞུང་དང་རྒྱ་མི་རིགས་ཀྱི་མཉམ་དུ་སྤུན་ཟླ་མི་རིགས་ཀྱི་འདུ་ཤེས་ཐོག་ནས་མཆམ་མཐུན་མཉམ་གནས་ཐུབ་ཚུལ་སྐད་གསེང་མཐོན་པོས་བརྗོད་མཁན་དག་གིས། དེང་དུས་བཙན་བྱོལ་བོད་མི་ནང་ཁུལ་དུ་མཉམ་གནས་དང་མཐུན་ལམ་གཏན་ནས་བྱེད་མི་ཐུབ་པའི་ལྟ་ཚུལ་ཁྱབ་སྤེལ་དང་དྲིལ་བསྒྲགས་མངོན་གསལ་བྱེད་བཞིན་པའི་དུས་སྐབས་ཤིག་ཏུ་གྱུར་ཟིན། ཡང་རེ་ཟུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དག་རྒྱ་དམར་གཞུང་ལ་བསྟུན་མཁས་ཁོ་ན་བྱེད་མཁན་ཡིན་པས་རྩ་དོན་ལ་རེ་བ་མེད་ཚུལ་དང། བོད་རང་བཙན་གྱི་ལངས་ཕྱོགས་ཁོ་ན་འཛིན་དགོས་ཚུལ་ཁ་ནས་ཤོད་བཞིན། དོན་དུ་དགྲ་བོ་རྒྱ་དམར་གྱི་གཞུང་ཚབ་མི་སྣ་དང་འབྲེལ་ལམ་མངོན་ལྐོག་གཉིས་ནས་བྱེད་མཁན་ཡང་མཐོང་རྒྱུ་ཡོད་པ་བཅས་ནི། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་པ་ང་ཚོའི་མིག་སྔོན་དུ་སླེབས་འདུག

འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་བཙན་བྱོལ་བོད་མི་རྣམས་ཕྱིའི་དགྲ་བོ་ལ་འཁོན་འཛིན་གྱི་བསམ་བློ་ཞན་དུ་སོང་བ་དང། ནང་ཕུ་ནུ་སྤུན་ཟླའི་ཐོག་ལ་ཕན་ཚུན་སྟག་ངར་གཟིག་ངར་བྱེད་པའི་གནས་སྟངས་ཤིག་ང་ཚོའི་མཐོང་ལམ་དུ་གྱུར་ཡོད་པའི་རྒྱབ་ལྗོངས་ནི་དུས་རྒྱུན་ང་ཚོས་ཤེས་དགོས་པ་ཞིག་རེད། ཕྱི་ལོ་༢༠༠༢ ལོར་བོད་རྒྱའི་སྐུ་ཚབ་ཐུག་འཕྲད་བྱུང་ནས་རིམ་བཞིན་རྒྱ་གཞུང་གི་དགོས་འདུན་མང་པོ་ཞིག་བཏོན་པའི་ནང། རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ཕྱི་རྒྱལ་ཁག་ཏུ་སླེབས་སྐབས་བཙན་བྱོལ་བོད་མིས་ངོ་རྒོལ་སྐད་འབོད་བྱེད་མི་ཆོག་པ་སོགས་བཙན་བྱོལ་ནང་གི་འཐབ་རྩོད་ཀྱི་གནས་བབས་ཞན་དུ་འགྲོ་བའི་ཐབས་ཤེས་མུ་མཐུད་བྱས་ཡོད། བཙན་བྱོལ་བོད་གཞུང་ནས་ཀྱང་བོད་རྒྱ་ཞི་མོལ་གྱི་རེ་བ་ཞིག་བརྒྱབ་ནས་རྒྱ་གཞུང་གི་དགོས་འདུན་བཞིན་བཙན་བྱོལ་ནང་དུ་འཐབ་རྩོད་ཀྱི་ལས་འགུལ་ཁག་ལ་བཀག་སྡོམ་བྱས་ཡོད་པ་དང། བཀའ་བློན་ཁྲི་པས་བོད་རང་བཙན་རྩོད་མཁན་ཚོ་ནི་དགྲ་བོ་རྒྱ་དམར་གཞུང་དང་དོལ་རྒྱལ་ཚོགས་པ་ལས་ཀྱང་ཉེན་ཁ་ཆེ་བའི་འགྲེལ་བཤད་ཀྱང་བརྒྱབ་ཡོད།

རྒྱ་གཞུང་ལ་ངོ་རྒོལ་བྱེད་པ་དང་བོད་རང་བཙན་གྱི་ལངས་ཕྱོགས་འཛིན་མཁན་རྣམས་༧གོང་ས་མཆོག་གི་བཀའ་མི་བརྩི་མཁན་ཡིན་པ་སོགས་སྤྱི་ཚོགས་ནང་དངོས་ཤུགས་བརྒྱུད་གསུམ་ཁྱབ་སྤེལ་བྱས་པ་དང། རིམ་པས་སྒེར་གྱི་ཁེ་ཕན་ཆེད་སྐབས་འཚོལ་རིང་ལུགས་པ་ཁག་ཅིག་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་ཚུལ་གྱི་ཧུར་བརྩོན་པ་མང་དག་ཅིག་ཐོན་ནས། སློབ་གྲྭ་ཁག་ཏུ་བོད་རང་བཙན་སླར་གསོ་དང་འབྲེལ་བའི་གཏམ་བཤད་བྱེད་མི་ཆོག་པ་བཟོས་ཤིང། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་རྒྱལ་སྤྱིའི་ཁྲོད་དུའང་བོད་རང་བཙན་སླར་གསོ་དང་འབྲེལ་བའི་རྒྱབ་སྐྱོར་འཚོལ་རྒྱུར་འབད་བརྩོན་གང་ཡང་མ་བྱས་པ་མ་ཟད། བཙན་བྱོལ་བོད་མིའི་མི་རབས་གསར་པ་རྣམས་ནི་རྒྱལ་ཞེན་གྱི་བསམ་བློ་མེད་པར་རྒྱ་གཞུང་ལ་གུ་ཡངས་ཀྱི་བསམ་བློ་གཏོང་མཁན་འབའ་ཞིག་ཏུ་བསྒྱུར་རྒྱུའི་སྲིད་བྱུས་ལ་བརྟེན། བཙན་བྱོལ་ནང་རྒྱ་གཞུང་གི་འཆར་གཞི་གཞིར་བཟུང་ནུས་པ་ཐོན་ནས་ད་ལྟའི་ཆར་རེ་བ་རྒྱག་ཡུལ་ཞིག་ཡོད་མེད་ཐེ་ཚོམ་སྐྱེ་དགོས་པའི་དུས་ཚོད་ཅིག་ཏུ་སླེབས་འདུག

མདོར་ན་གོང་དུ་གསལ་བ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ངེས་པར་དུ་དོ་སྣང་བྱེད་དགོས་པ་དང། སླར་གསོ་བྱེད་དགོས་པའི་གནད་དོན་གཙོ་བོ་ནི་གཞི་རིམ་སློབ་གྲྭ་ཁག་ནས་འགོ་བཙུགས་ཏེ་རྒྱལ་ཞེན་གྱི་བསམ་བློ་སླར་གསོ་བྱེད་དགོས། དགྲ་བོ་རྒྱ་དམར་གཞུང་ལ་དགྲ་ཡི་འདུ་ཤེས་འཛིན་དགོས་པ་དང། གཞིས་བྱེས་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་གྱིས་བོད་མི་ནང་ཁུལ་དུ་གཉེན་ལ་གཉེན་གྱི་འདུ་ཤེས་མ་ནོར་བ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གཞིས་བྱེས་བོད་མིའི་མགོན་སྐྱབས་ཡིན་པ་དུས་རྒྱུན་བརྗེད་མི་རུང་བ་བཅས། དགྲ་གཉེན་མགོན་གསུམ་མ་ནོར་བ་ཞིག་ཡོང་བར་སློབ་གསོ་རྒྱག་དགོས་པ་དང། ཁོར་ཡུག་བསྐྲུན་དགོས་པ་དེ་ད་ལྟའི་ཆར་ཁ་ཚ་དགོས་གཏུག་གི་གནད་དོན་གལ་ཆེ་ཤོས་སུ་གྱུར་ཡོད། འདི་ནི་བོད་དོན་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་རྩིག་རྨང་ལྟ་བུ་ཡིན་པས། འདིའི་ཐོག་ལ་ཆོས་ཕྱོགས་ཀྱི་བླ་ཆེན་དང། ཆབ་སྲིད་ཀྱི་འགོ་ཁྲིད། ཤེས་ཡོན་ཅན་དང། འབྱོར་ལྡན། མི་མང་དཀྱུས་མ་བཅས་ཀྱིས་ངེས་པར་དུ་འབད་བརྩོན་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད།།