བོད་ཀྱི་འཐབ་རྩོད་དེར་ནམ་ཡང་གྲུབ་འབྲས་ཐོན་གྱི་མ་རེད་ཟེར།

དབྱིན་ཡུལ་གྱི་རྒྱ་ནག་གཞུང་ཚབ་པས། བོད་པ་ཚོར་བོད་དོན་དེ་རེ་བ་མེད་པས་ནམ་ཡང་སེལ་ཐུབ་ཀྱི་མ་རེད་ཅེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དག་ལ་བརྗོད་འདུག

Chinese Ambassadorདེ་ཡང་ཟླ་འདིའི་ཚེས་༡༩ ཉིན་གྱི་ཧོང་ཀོང་རང་དབང་གསར་ཤོག་སྟེང་དུ་གནས་ཚུལ་བཀོད་གསལ། ཟླ་འདིའི་ཚེས་༡༧ ཉིན་དབྱིན་ཡུལ་གྱི་ཚོགས་སྡེ་ཞིག་གིས་“ང་ཚོའི་མིག་ལམ་ནས་མཐོང་བའི་འཛམ་གླིང་གི་ལས་དོན། རྒྱ་ནག”ཅེས་པའི་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད་པ་དང། གཏམ་བཤད་བྱེད་མཁན་དབྱིན་ཡུལ་རྒྱ་ནག་གི་གཞུང་ཚབ་པ་ལེའུ་ཞའོ་མིང་སླེབས་ཡོད་པ་དང། ལས་རིམ་འགོ་མ་བཙུགས་པའི་སྔོན་དུ། གོ་སྒྲིག་པས་ཚོགས་བཅར་བ་ཚོར། རྒྱ་ནག་གི་གཞུང་ཚབ་པ་ངོ་ཚ་མི་བཟོ་བའི་ཆེད་དུ། རང་ཉིད་ཀྱི་གྱོན་ཆས་སྟེང་དུ་བོད་མཚོན་པའི་རྟགས་སོགས་ཡོད་ཚེ། ། སྦས་པའམ་ཡང་ན་མེད་པ་བཟོ་དགོས་པའི་རེ་སྐུལ་བྱས་ཡོད་འདུག

ལས་རིམ་དེར་ཚོགས་བཅར་བ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁ་ཤས་ཡོད་འདུག་པ་དང། དེ་དག་གིས་ལས་རིམ་གྱི་སྔོན་དུ་ཚོགས་ཁང་གི་ཕྱི་ལ་ཞི་བའི་རྔམས་སྟོན་ཁྲོམ་སྐོར་བྱས་ཡོད་འདུག

བོད་མི་ཤེས་རབ་རྒྱལ་མཚན་གྱིས་གཞུང་ཚབ་པར་བོད་ནང་གི་བོད་མི་ཚོའི་རང་དབང་གི་སྐད་འབོད་དང། རང་ལུས་མེར་སྲེག དེ་བཞིན་པན་ཆེན་རིན་པོ་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མའི་འཛིན་བཟུང་སྐོར་ལ་དྲི་བ་དྲིས་སྐབས། ཁོས་པཎ་ཆེན་རིན་པོ་ཆེ་ནི་བུ་དཀྱུས་མ་ཞིག་ཡིན་ཁར། ཁོང་ནམ་ཡང་ངོས་འཛིན་བྱས་མེད་པ། དེ་བཞིན་བོད་ནང་གི་བོད་མི་རྣམས་བདེ་སྐྱིད་ངང་གནས་བཞིན་ཡོད་སྐོར་གཏམ་བཤད་རྒྱུན་རིང་བྱས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་དང་རྒྱ་ནག་གི་གཞུང་ཚབ་དབར་ཁོང་ཁྲོའི་ཐོག་ནས་དྲི་བ་དྲི་ལན་བྱུང་ཡོད་པ་དང།  སྐབས་དེར་ཁོས་ཁྱེད་རང་ཚོས་བོད་དེ་རྒྱ་ནག་ལས་ཁ་བྲལ་ཐབས་བྱེད་ཀྱི་ཡོད་པ་རེད། ཁྱེད་རང་ཚོའི་འཐབ་རྩོད་དེ་རེ་བ་མེད་པས། ནམ་ཡང་གྲུབ་འབྲས་ཐོན་གྱི་མ་རེད། ཅེས་བརྗོད་ཡོད་འདུག་པ་དང། དེའི་བརྙན་ཐུང་ཞིག་ཀྱང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
བརྙན་པར།