བོད་ཀྱི་རྩ་དོན་ཐོག་རྒྱ་གར་གཞུང་མང་གཉིས་ལས་བཀའ་དྲིན་ཆེ་བ་མེད་ཅེས་གསུངས་སོང་།
ཟླ་༣ པའི་ཚེས་༢༨ ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེས་དབུས་དཔལ་འབྱོར་བཀའ་བློན་དང་། འཕྲོད་བསྟེན་བཀའ་བློན་གཉིས་མཉམ་ཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དང་ལས་རིམ་འགོ་བཙུགས་ལ་ཉེ་བ་དང་བསྟུན་ནས། ཐུགས་རྗེ་ཆེ་ཞུའི་དེབ་གསུམ་དང་བརྙན་པར་གྱི་གཞས་དབུ་འབྱེད་གནང་ཡོད་པ་རེད།
 ཕྱི་དྲིལ་འགྲེམས་སྟོན་ཚན་པས་འགན་ཁུར་བྱས་ཏེ་པར་སྐྲུན་བྱས་པའི་དབྱིན་ཡིག་ཐོག་གི་འཕགས་བོད་ཀྱི་གནའ་རབས་དང་དེང་དུས་འབྲེལ་ལམ་གྱི་པར་རིས་དེབ་དང་། དབྱིན་བོད་གཉིས་ཐོག་ཡོད་པའི་འཕགས་བོད་དབར་གྱི་འདས་དང་མ་འོངས་པའི་སྐྱིད་སྡུག་མཉམ་མྱོང་གི་མཛའ་འབྲེལ་གྱི་དེབ། དེ་བཞིན་ཕྱི་ལོ་༢༠༡༧ ལོའི་དུས་འཁོར་དབང་ཆེན་རྗེས་དྲན་གྱི་པར་རིས་བཅས་དེབ་གསུམ་དང་། བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་སྟོན་དང་བཟོ་སྐྲུན་བྱས་པའི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་བརྙན་པར་གྱི་གཞས་བཅས་དབུ་འབྱེད་གནང་ཡོད་པ་རེད།

དེ་རྗེས་གསར་འགོད་པའི་དྲི་བ་དང་འབྲེལ་ནས། སྲིད་སྐྱོང་བློ་བཟང་སེང་གེས་བོད་མི་དང་བོད་ཀྱི་རྩ་དོན་ཐོག་རྒྱ་གར་གཞུང་མང་གཉིས་ལྟ་བུར་བཀའ་དྲིན་ཆེན་པོ་ཡིན་པ་རྒྱལ་སྤྱིའི་ནང་མེད་པས། བོད་མི་ཚོས་མཛད་སྒོ་དང་གཏམ་བཤད་སོགས་སུ་རྒྱུན་དུ་ནས་རྒྱ་གར་གཞུང་མང་གཉིས་བཀའ་དྲིན་ཆེན་པོ་ཡིན་ཞེས་ཞུ་བཞིན་ཡོད་པ་ལྟར། སྐབས་རེ་བཀའ་དྲིན་ཆེན་པོ་ཡིན་པ་དངོས་སུ་སྟོན་རྒྱུ་ཡང་གལ་ཆེན་པོ་ཡིན་སྐོར་དང་། རྒྱ་གར་གྱིས་མི་ལོ་༦༠ ཡི་རིང་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་། སྤྱིར་བཏང་ལོ་འདིར་རྒྱ་གར་གཞུང་མང་གཙོས་པའི་བོད་མི་གནས་བཞུགས་བྱེད་སའི་རྒྱལ་ཁབ་ཚང་མར་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་རྒྱུ་ཡིན་པ་དང་། ཁག་ཅིག་ཏུ་འགོ་བཙུགས་ཟིན་ཡོད་སྐོར། ལས་རིམ་དུ་མཛད་སྒོ་དང་གཙང་བཟོ་ལས་འགུལ་སོགས་མང་པོ་ཞིག་གོ་སྒྲིག་བྱས་ཡོད་སྐོར་གསུངས་སོང་།
དེ་བཞིན་ཉེ་བའི་ཆར་རྒྱལ་ས་ལྡི་ལིར་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཕྱིར་འཐེན་བྱེད་དགོས་བྱུང་ནས། བོད་མི་ཚོར་སེམས་འཚབ་བྱུང་བའི་སྐོར་དང་འབྲེལ་ནས་གསུང་དོན། སྤྱིར་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གཞུང་དང་རྒྱལ་སྤྱིའི་གཞུང་སུ་ལ་ཡང་ལ་དཀའ་ཁག་བཟོ་འདོད་མེད་པ་དང་། ཐེངས་འདིའི་གནད་དོན་དེར་བསམ་ཤེས་ཡོད་པ་ལས་བློ་ཕམ་མེད་པ། ད་ལྟའི་ཆར་རྒྱ་གར་གཞུང་གི་༧གོང་ས་མཆོག་དང་བོད་ལ་འཛིན་པའི་སྲིད་ཇུས་ཐད། རྨང་གཞིའི་ཐོག་ནས་འགྱུར་བ་གང་ཡང་ཕྱིན་མེད་པས། བོད་མི་ཚོས་སེམས་འཚབ་བྱེད་མི་དགོས་སྐོར་གསུངས་སོང་།
ཟླ་༣ པའི་ཚེས་༣༡ ཉིན་དྷ་ས་མེག་གྷན་དུ་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་གྱི་མཛད་སྒོ་འཚོགས་ཀྱི་ཡོད་པ་དང་། དེ་གར་རྒྱ་གར་དབུས་གཞུང་གི་བློན་ཆེན་ཞིག་དང་། བྷི་ཇེ་བྷི་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣ་ཞིག དེ་བཞིན་༧གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ནས་རྒྱ་གར་གྱི་ས་ཐོག་ཏུ་ཐོག་མར་འབྱོར་སྐབས། སྣེ་ལེན་ཞུ་མཁན་གྱི་རྒྱ་གར་དམག་མི་བདུན་ལས་གཅིག་ད་ལྟ་ཡང་ཡོད་པ་ཁོང་ཕེབས་ཀྱི་ཡོད་པའི་གནས་ཚུལ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་སྤེལ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།