བོད་ཀྱི་སྐད་ཡིག་ནི་བོད་མིའི་སྤྱི་སྐད་ཡིན།
རྩོམ་པ་པོ། རྫ་བློ་བསྟན།
དེང་གི་ཆར་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱས་པའི་གྲངས་ཉུང་མི་རིགས་ཁག་གི་ནང་དུ། “སྤྱི་སྐད་” (Common Language) ཁྱབ་སྤེལ་གྱི་མིང་བྱང་འོག་མི་རིགས་སོ་སོའི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བའི་སྲིད་བྱུས་ཤུགས་ཆེར་ལག་བསྟར་བྱེད་བཞིན་ཡོད། ལྷག་པར་དུ་བོད་གངས་ཅན་གྱི་ལྗོངས་སུ། རྒྱ་སྐད་དང་རྒྱ་ཡིག་ནི་རྒྱལ་ཁབ་ཀྱི་སྤྱི་སྐད་ཡིན་པའི་རྒྱུ་མཚན་བགྲངས་ནས། བོད་ཀྱི་ཕྲུ་གུ་ཚོའི་ཤེས་ཡོན་སློབ་གསོའི་བརྒྱུད་ལམ་དང་། སྤྱི་ཚོགས་ཀྱི་ལས་དོན་ཡོངས་རྫོགས་རྒྱ་སྐད་དུ་སྒྱུར་བཞིན་པ་འདི་ནི་བོད་མི་རིགས་ཀྱི་ངོ་བོ་བརླག་བྱེད་ཀྱི་མཚོན་ཆ་གཟེན་པོ་ཞིག་ཏུ་གྱུར་ཡོད།
སྤྱི་སྐད་ཀྱི་མིང་འོག་ནས་རྩ་མེད་གཏོང་བའི་ཇུས་ངན།
རྒྱ་ནག་གཞུང་གིས་ “སྤྱི་སྐད་གཅིག་གྱུར་” གྱི་འབོད་ཚིག་སྤྱད་དེ། བོད་ཀྱི་སྐད་ཡིག་འདི་ས་གནས་ཀྱི་སྐད་ཆ་ཙམ་དང་། གཞི་རིམ་གྱི་སྐད་ཆ་ཙམ་དུ་བཟོ་བཞིན་ཡོད། སློབ་གྲྭ་ཁག་ཏུ་བོད་ཡིག་གི་སློབ་ཚན་རྣམས་ཕྱིར་འཐེན་བྱེད་པ་དང་། སློབ་ཚན་ཡོངས་རྫོགས་རྒྱ་ཡིག་ཐོག་ནས་སློབ་ཁྲིད་བྱེད་དུ་འཇུག་པ་འདིས། མ་འོངས་པའི་བོད་མི་གསར་པ་ཚོར་རང་གི་མ་སྐད་ཀྱི་གཏིང་ཟབ་པའི་རིག་གཞུང་དང་བསམ་བློའི་ལོངས་སྤྱོད་རག་ཐབས་མེད་པར་བཟོ་བཞིན་ཡོད། འདི་ནི་མི་རིགས་ཤིག་གི་བསམ་བློའི་རྩ་བ་འབྲེག་བྱེད་ཀྱི་ཐབས་ལམ་ཞིག་ལས་ཅི་ཡང་མིན།
བོད་མི་ལ་མཚོན་ན་བོད་སྐད་ནི་སྤྱི་སྐད་ཡིན།
ང་ཚོས་གསལ་པོར་ཤེས་དགོས་པ་ཞིག་ནི། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་དང་། ལོ་རྒྱུས། ཆོས་རིག་བཅས་ཀྱི་སྲོག་རྩ་ཡིན། བོད་མི་ཞིག་ལ་མཚོན་ན། རང་གི་མི་རིགས་ནང་ཁུལ་དུ་བརྡ་སྤྲོད་བྱེད་དང་། བསམ་བློ་གཏོང་བྱེད། ཤེས་རིག་བརྒྱུད་སྤེལ་བྱེད་བྱེད་ཀྱི་ “སྤྱི་སྐད་” དངོས་དེ་བོད་སྐད་ཡིན། བོད་མི་རིགས་ཀྱི་ངོ་བོ་དང་ལོ་རྒྱུས་མ་འདྲེས་པའི་རྒྱ་སྐད་དེ་བོད་མིའི་སྤྱི་སྐད་དུ་ནམ་ཡང་འགྱུར་མི་ཐུབ།
བོད་ཀྱི་སྐད་ཡིག་ལ་མཚོན་ན། འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་བོད་ཁམས་གཅིག་གྱུར་གྱི་བསམ་བློ་དང་། ཆིག་སྒྲིལ། རིག་གཞུང་བཅས་ཀྱི་ཟམ་པ་བྱས་ཡོད། དེས་ན་བོད་མི་ཞིག་ལ་མཚོན་ན། རང་གི་མ་སྐད་ལས་གཞན་པའི་ “སྤྱི་སྐད་” ཅིག་དགོས་དོན་མེད། རྒྱ་ནག་གཞུང་གིས་བཙན་གྱིས་བཙུགས་པའི་རྒྱ་སྐད་དེ་ནི། དབང་བསྒྱུར་བྱེད་པོ་ཞིག་གིས་བེད་སྤྱོད་གཏོང་བའི་ལག་ཆ་ཙམ་ལས་བོད་མིའི་སེམས་ཀྱི་སྤྱི་སྐད་དུ་ནམ་ཡང་འགྲོ་མི་སྲིད།
མི་རིགས་ཤིག་གི་སྐད་ཡིག་ཤི་ན་མི་རིགས་དེ་ཤི་བ་ཡིན། རྒྱ་ནག་གཞུང་གིས་སྤྱི་སྐད་ཀྱི་མིང་འོག་ནས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་བཞིན་པའི་ལས་འགུལ་འདིར་ང་ཚོས་གདོང་ལེན་བྱེད་དགོས། བོད་མི་རིགས་ཀྱི་སྤྱི་སྐད་ནི་བོད་ཀྱི་སྐད་ཡིག་ཡིན་པ་དང་། དེ་ལས་གཞན་པའི་སྤྱི་སྐད་ཅིག་བོད་མི་ལ་མེད་པ་ནི། ལོ་རྒྱུས་དང་རིག་གཞུང་གིས་བདེན་དཔང་བྱས་པའི་གནས་ལུགས་ཤིག་ཡིན། ང་ཚོས་རང་གི་སྐད་ཡིག་ལ་བརྟན་པོར་འཇུས་ནས་མི་རིགས་ཀྱི་སྲོག་རྩ་སྲུང་སྐྱོབ་བྱེད་དགོས།།
