བོད་ཀྱི་སྐུ་ཚབ་ཁག་ཅིག་རྒྱལ་སྤྱིའི་ཡུ་གུར་གླེང་སྟེགས་སུ་མཉམ་ཞུགས་གནང་སྟེ་བོད་དོན་གླེང་།

ཕྱི་ཟླ་༡༠ ཚེས་ ༣༠ ནས་ཉིན་གཉིས་རིང་ཉི་ཧོང་དང་ཡུ་གུར་གྲོས་ཚོགས་འཐུས་མིའི་བྱུས་སྟོན་ཚོགས་ཆུང་དང་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག རྒྱལ་སྤྱིའི་ཡུ་གུར་གླེང་སྟེགས་ཞེས་པ་ཉི་ཧོང་གི་རྒྱལ་ས་ཊོག་ཡོར་དུ་འཚོགས་འདུག་པ་དང་།གླེང་སྟེགས་དེའི་ཐོག་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པར་ངོ་རྒོལ་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་དང་། ཆབ་སྲིད་པ། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ། གཞུང་ཁོངས་མིན་པའི་ཚོགས་པ། དེ་བཞིན་ཆེད་མཁས་པ་སོགས་ཕན་ཚུན་བར་འབྲེལ་མཐུད་གོ་སྒྲིག་གནང་འདུག་པ་བཞིན། བོད་མིའི་སྐུ་ཚབ་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས། བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན། ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་ཀྱི་བློ་བཟང་དབྱངས་མཚོ་བཅས་མཉམ་ཞུགས་གནང་ཡོད་འདུག སྐབས་དེར་ཕྱི་དྲིལ་དྲུང་ཆེས་བོད་དང་ཤར་ཏུར་ཀི་སི་ཐན་གྱི་རིག་གཞུང་དང་ངོ་བོ་རྒྱ་ནག་ཏུ་སྒྱུར་བཞིན་པར་བློ་འཚབ་དང་། བོད་ཀྱི་རིག་གཞུང་རྩ་བརླག་འགྲོ་ཉེན་ཡོད་པ། རྒྱ་གཞུང་གིས་བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་དང་། བོད་ནང་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་རྣམས་བཙན་འཇུག་བྱས་ཏེ་རྒྱ་རིགས་སུ་སྒྱུར་ཐབས་བྱེད་བཞིན་པ། དེ་བཞིན་བོད་མི་གྲངས་༡༥༧ ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་པོའི་དབང་སྒྱུར་ལ་ངོ་རྒོལ་གནང་བ་སོགས་ཀྱི་སྐོར་སོགས་བརྗོད་ཡོད་པ་དང་། རྒྱ་ནག་དམར་པོའི་གཞུང་ནས་གོང་གསལ་གྱི་གནད་དོན་དག་འཕྲལ་དུ་མཚམས་འཇོག་དགོས་པར་ནན་བརྗོད་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་ཐེ་བྱུས་གནང་དགོས་པའི་འབོད་སྐུལ་ཞུས་འདུག་པ་མ་ཟད། བོད་དང་ཡུ་གུར་གྱིས་མཚོན་པའི་རྒྱ་ནག་དམར་པོའི་གཞུང་གི་བཙན་བཟུང་འོག་ཏུ་ཡོད་པའི་མི་རིགས་དེ་དག་གིས། རྒྱ་གཞུང་གིས་དྲག་གནོན་དང་བཙན་བཟུང་། དེ་བཞིན་འཁྱོག་བརྗོད་སོགས་ལ་ཁ་གཏད་གཅོག་ཆེད་ཕན་ཚུན་དབར་འབྲེལ་ལམ་ཟབ་ཏུ་གཏང་རྒྱུ་གལ་ཆེ་ཚུལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། མན་ཇུ་རི་ཡ། ཐེ་ཝན་བཅས་ཀྱི་མི་རིགས་དང་མཉམ་དུ་ཐབས་བྱུས་ཚོགས་འདུ་གོ་སྒྲིག་གནང་བཞིན་ཡོད་པར་འགྲེལ་བརྗོད་གནང་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།