བོད་ཀྱི་སྲོག་རྩར་ཐུག་པའི་སྐད་ཡིག
བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༦༥ ཡི་ཆེད་བརྗོད།
བོད་ཀྱི་སྲོག་རྩར་ཐུག་པའི་སྐད་ཡིག་དེ་ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་རྩ་བ་བརྟན་པོ་དང་རྩེ་མོ་གྲ་རྒྱས་ཡོད་པ་ལྟ་བུར་གྱུར་ཡོད་ཀྱང། མ་འོངས་པའི་མི་ལོ་ཉི་ཤུ་དང་སུམ་ཅུ་ཙམ་གྱི་རིང་ཕྱོགས་གང་ཐད་ནས་བློ་འཚབ་སྐྱེ་དགོས་པའི་གནས་བབས་ཤིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་ཡོད། བོད་ནང་དུ་བོད་ཕྲུག་སློབ་ལོ་སོན་པ་རྣམས་ལ་རྒྱ་ཡི་སྐད་ཡིག་དང་རིག་གནས་ཁོ་ན་གཙོ་བོར་བཟུང་ནས་སློབ་པ་ལས། བོད་ཀྱི་སྐད་ཡིག་རིག་གནས་རང་མོས་ཀྱིས་སློབ་ཆོག་པའི་གོ་སྐབས་ཧ་ལམ་མེད་པ་བཟོ་བཞིན་པ་མ་ཟད། བོད་ཀྱི་ས་གནས་མང་པོ་ཞིག་ཏུ་བོད་ཕྲུག་རྣམས་ཟུར་བཀག་གིས་བོད་ཀྱི་སྐད་ཡིག་རིག་གནས་དང་བོད་ཀྱི་གོམས་གཤིས་བཅས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་མ་རུངས་པ་ཞིག་ལག་བསྟར་བྱེད་བཞིན་ཡོད་འདུག བོད་ཀྱི་དགོན་སྡེ་ཁག་ལའང་རྒྱ་གཞུང་གིས་དམ་དྲག་ཧ་ཅང་ཆེ་བ་དང་བོད་པ་ནང་ཁུལ་ནས་ཀྱང་ཕན་ཚུན་སྡང་ཟུག་བྱེད་མཁན་མང་བས། མ་འོངས་པར་དགོན་སྡེ་ཁག་གི་ནུས་ཤུགས་ཅི་ཙམ་གནས་ཐུབ་མིན་ཡང་ཐེ་ཚོམ་དུ་གྱུར་ཡོད།
བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་མི་འབོར་བརྒྱ་ཆ་༥༠ ཙམ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གནས་སྤོས་བྱས་ཟིན་པ་དང། གོ་སྐབས་དང་མཐུན་རྐྱེན་གྱི་ཚད་བཀག་ཡོད་པ་ཙམ་ལས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་ཕལ་ཆེ་བ་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གནས་སྤོ་བྱ་རྒྱུའི་བསམ་བློ་ཡོད་པའི་རྣམ་པ་ཕྱོགས་གང་ས་ནས་མཐོང་ཐུབ། རྒྱ་བལ་འབྲུག་གསུམ་ལས་ཟས་གོས་གནས་མལ་གྱི་མཐུན་རྐྱེན་ཐོག་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་གནས་སྟངས་ཡག་པོ་ཡོད་པས། བཙན་བྱོལ་བོད་མིའི་བསམ་ཚུལ་དང་འདོད་ཕྱོགས་དེར་སུ་གཅིག་གིས་འགྱུར་བ་གཏོང་མི་ཐུབ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱེས་ཤིང་འཚར་ལོང་བྱུང་བའི་བོད་ཕྲུག་ཅིག་ལ་མཚོན་ན། གོ་བརྡ་འཕྲོད་ལ་མ་འཕྲོད་ཙམ་གྱི་བོད་སྐད་ཅིག་བཤད་ཐུབ་པ་ཙམ་གྱིས་ཧ་ཅང་དགའ་སྤོབས་བྱེད་འོས་པ་ཞིག་ལས། བོད་ཀྱི་སྐད་ཡིག་རྨང་གཞི་བྱས་པའི་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས་བཅས་རྒྱུད་འཛིན་དར་སྤེལ་བྱ་རྒྱུའི་ནུས་པ་ཡོད་མཁན་ཞིག་སྐྱེད་སྲིང་ཐུབ་པའི་རེ་བ་ནི་ཉིན་མོའི་སྐར་མ་ལྟར་གྱུར་ཟིན།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་མཐོན་པོར་ཕེབས་ཟིན་པ་དང། བཙན་བྱོལ་བོད་མིའི་བསམ་བློ་དང་ཁ་ཕྱོགས་གང་ལ་བལྟས་ཀྱང། མ་འོངས་པར་བཙན་བྱོལ་བོད་གཞུང་གི་གནས་སྟངས་ཀྱང་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས། ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཙམ་མ་ཡིན་པར་རྒྱ་གར་དང་བལ་ཡུལ་ནས་ཀྱང་བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་ཐུབ་པའི་ཁོར་ཡུག་དེ་ཧ་ཅང་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་དེ་ང་ཚོའི་མིག་མདུན་དུ་སླེབས་ཟིན། ད་ལྟའི་ཆར་བོད་ཀྱི་ཆོས་དང་རིག་གནས་ཀྱི་སྲོག་རྩ་འཛིན་མཁན་གཙོ་བོ་དགོན་སྡེ་ཁག་ཡིན་ནའང། མ་འོངས་པའི་མི་ལོ་༢༠ ཙམ་གྱི་རྗེས་བཙན་བྱོལ་ནང་གི་དགོན་སྡེ་ཁག་ཏུ་བོད་པའི་གྲྭ་བཙུན་ནི་ཧ་ལམ་སྟོངས་ལ་ཉེ་བ་ལྟ་བུར་འགྱུར་ངེས་ཡིན་པ་ད་ལྟའི་གནས་སྟངས་ལ་བལྟས་ན་སྔོན་དཔག་བྱེད་ཐུབ་པ་ཞིག་རེད། དེར་བརྟེན་བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་གཞི་རྩར་བཞག་པའི་ཆོས་དང་རིག་གནས་རྣམས་རྒྱུད་འཛིན་ཐུབ་པའི་ནུས་པ་ནི་སྲ་བརྟན་དང་ཕུགས་འཕེར་ཞིག་གཏན་ནས་མ་རེད།
ད་ལྟའི་ཆར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་འཚར་ལོང་བྱུང་བའི་བོད་ཕྲུག་མང་ཆེ་བས་བོད་ཡིག་ཀློག་ཤེས་ཙམ་དང་ཅུང་ཙམ་རེ་འབྲི་ཡང་ཤེས་མོད། འཚོ་བའི་ཁོར་ཡུག་དང་སློབ་གསོ་གང་ཐད་ནས་བོད་ཀྱི་སྐད་ཡིག་རིག་གནས་ལ་སེམས་གཏིང་ནས་དགའ་ཞེན་ཆེན་པོ་ཡོད་པ་ཞིག་དང་ནུས་པ་ཆེན་པོ་འདོན་ཐུབ་མཁན་གྱི་མི་རབས་ཤིག་གསོ་སྐྱོང་ཐུབ་མེད། ཕྱོགས་གང་ནས་བལྟས་ཀྱང་མ་འོངས་པར་དེ་བས་ཀྱང་གནས་སྟངས་ཞན་དུ་འགྲོ་རྒྱུ་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་ཡིན་པས། བོད་ཀྱི་སྐད་ཡིག་རིག་གནས་གཞི་རྩར་བཞག་པའི་ཤེས་ཡོན་ནི་བོད་ཀྱི་ངོ་བོ་མཚོན་བྱེད་ཉག་གཅིག་ཏུ་གྱུར་ཡོད་པས། བོད་ཕྱི་ནང་གཉིས་ནས་མ་འོངས་པའི་ཛ་དྲག་གནས་སྟངས་འདི་ལ་གདོང་ལེན་དང་གྲ་སྒྲིག་འཐུས་ཚང་ཞིག་བྱེད་མ་ཐུབ་ན། བཙན་བྱོལ་ནང་དུ་ཡོད་པའི་བོད་མི་རྣམས་ཡུལ་ལུང་སོ་སོའི་ངོ་བོར་འཐིམ་རྒྱུ་ཉག་གཅིག་ཡིན་པ་དང། དུས་ཚོད་སྔ་ཕྱི་ཙམ་མ་གཏོགས་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱང་རྒྱ་མི་རིགས་ཀྱི་ངོ་བོར་འཐིམ་རྒྱུ་ཡིན་པ་ནི་སྨྲོས་མེད་དུ་གྱུར་ཟིན།
མདོར་ན་འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་ནས་སྐད་ཡིག་དེ་མི་རིགས་དང་རྒྱལ་ཁབ་ཀྱི་ངོ་བོ་མཚོན་བྱེད་ཉག་གཅིག་རེད་ཅེས་ད་ལྟའི་ཆར་བརྗོད་དཀའ་ཡང། བོད་ལ་མཚོན་ན་བོད་ཀྱི་སྐད་ཡིག་ནི། རྒྱ་གར་དང། རྒྱ་ནག སོག་པོ་སོགས་གང་ཡང་མ་མིན་པར། བོད་རྒྱལ་ཁབ་དང་བོད་མི་རིགས་དེ་གཞན་དང་མི་འདྲ་བའི་ཁྱད་པར་བ་ཞིག་ཡིན་པའི་མཚོན་བྱེད་ཉག་གཅིག་ཏུ་གྱུར་ཡོད། ཇི་སྲིད་བོད་ཀྱི་སྐད་ཡིག་རིག་གནས་རྒྱུད་འཛིན་ཐུབ་པ་དེ་སྲིད་ཀྱི་བར་དུ་བོད་མི་རིགས་ཀྱི་ངོ་བོ་ཡང་གནས་ཐུབ་པ་དང། མ་འོངས་པར་བོད་རྒྱལ་ཁབ་སླར་གསོ་ཐུབ་པའི་དུས་ཚོད་ཅིག་བྱུང་ན་སྐབས་དེ་དུས་ཀྱང་བོད་ཀྱི་སྐད་ཡིག་ནི། བོད་མི་རིགས་ཀྱི་ཚེ་སྲོག་གི་དྭངས་མ་ཉག་གཅིག་ཏུ་འགྱུར་ངེས་པ་བཞིན། བོད་ཀྱི་སྐད་ཡིག་གཞི་རྩར་བཞག་པའི་རིག་གནས་ཀྱི་བང་མཛོད་རྣམས་གཅེས་སྐྱོང་བྱེད་ཐུབ་པ་ལས། སྐད་ཡིག་གཞན་ཞིག་གི་ཐོག་ནས་བོད་ཀྱི་རིག་གནས་ཀྱི་སྙིང་བཅུད་རྣམས། གྲ་མ་ཉམས། གྲུ་མ་ཞིག་པར་གཅེས་སྐྱོང་རྒྱུད་འཛིན་འཐུས་སྒོ་ཚང་བ་ཞིག་བྱེད་ཐུབ་པའི་རེ་བ་གཏན་ནས་མེད།།