“བོད་དང་བོད་མིའི་མགྲིན་ཚབ་”ཅེས་པ་དེ་དོན་ངོ་མར་༧ གོང་ས་མཆོག་གི་གསུང་རྩོམ་ཡིན་ནམ།

ཆ་རོང་བ་འཇིགས་མེད་གྲགས་པ།

རྩོམ་ཡིག་འདིའི་ཁ་བྱང་འདི་མཐོང་མ་ཐག་ཏན་ཏན་ཁ་ཤས་ཁོང་ཁྲོ་ལངས་ནས་འབར་ལ་ཁད་བྱེད་སྲིད་མོད། གནད་འགག་ཆེ་བའི་དུས་སྐབས་འདི་ལྟ་བུ་ཞིག་ལ་༧ གོང་ས་མཆོག་ལ་ཁ་མིན་དོན་གྱིས་རྩི་མཁན་དང་དགའ་ཞེན་ཡོད་མཁན་ཞིག་ཡིན་ན། གནད་འགག་ཆེ་བའི་དྲི་བ་འདི་མི་གཏོང་ག་མེད་ཡིན། མི་ཚང་མས་ཉེ་ཆར་གྱི་བརྙན་ལམ་དང་བཅར་འདྲི་སོགས་ལས་མཐོང་ཐུབ་པ་ལྟར། ཐུན་མོང་སྣང་ཚུལ་ལ་ད་ལྟའི་༧ གོང་ས་མཆོག་གི་དགུང་ནའི་གནས་བབ་དང་བཀའ་སློབ་གནང་སྟངས་སོགས་གང་ལ་བལྟས་ཀྱང་། ཁོང་སྐུ་ཉིད་ཀྱི་རྣམ་ཐར་དང་བོད་མི་བཙན་བྱོལ་བའི་ལོ་རྒྱུས་གཉིས་སྦྲག་ནས་བྲིས་པའི་རྩོམ་དེབ་འདི་ལྟ་བུ་ཞིག་ལ། ཁོང་སྐུ་ན་གཞོན་པའི་སྐབས་ཨིན་ཡིག་ཏུ་བྲིས་གནང་བའི་རྩོམ་དེབ་གཞན་ནང་བཞིན་ཐུགས་ཞིབ་མོས་གཟིགས་རྟོག་དང་ཞིབ་བསྡུར་བྱེད་ཐུབ་མེད་པ་ནི་ཚོད་དཔག་བྱེད་ཐུབ་པ་ཞིག་རེད་ལ།  དེ་བཞིན་དུ་རྩོམ་དེབ་འདིའི་ནང་དུ་དོན་ནོར་བ་དང་། ཚིག་ནོར་བ། ལོ་དུས་ནོར་བ་སོགས་སྤུངས་ཡོད་འདིས་ཀྱང་། ཁོང་སྐུ་དངོས་ལ་ཞིབ་མོས་གཟིགས་ཞིབ་གནང་རོགས་ཞུས་མེད་པའམ་ཡང་ན་གནང་ཐུབ་མེད་པའི་བདེན་དཔང་གསོན་པོ་ཞིག་མ་ཡིན་ནམ།

དུས་ཚོད་ཀྱི་གནས་བབ་འདི་ལྟ་བུའི་འོག་ཏུ། ཚང་མར་ཡིད་ཆེས་འཕེར་ངེས་ཡིན་པའི་༧ གོང་ས་མཆོག་གི་གསུང་རྩོམ་དག་མ་ཞིག་རྩོམ་སྒྲིག་བྱེད་དགོས་ན། ཐོག་མར་རྣམ་ཐར་འདི་བོད་ཡིག་ཏུ་རྩོམ་འབྲི་བྱེད་དགོས་པ་ནི་གཡོལ་དུ་མེད་པ་ཞིག་ཡིན། ཚང་མས་ཤེས་གསལ་ལྟར་༧ གོང་ས་མཆོག་གིས་བརྗོད་བྱ་གང་ཞིག་འཆད་སྐབས་བྱུང་རིམ་གྱི་གོང་སྒྲིག་སྟངས་དང་། ཐ་སྙད་བེད་སྤྱོད་གཏོང་ཚུལ་དང་། གལ་ཆེའི་དོན་གྱི་གནད་འབྱིན་སྟངས་བཅས་ཀྱི་གསུང་ཟུར་རེ་རེ་ལ་ཡང་ཐུན་མིན་གྱི་ཁྱད་ཆོས་ཡོད་པ། “ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།”ལྟ་བུའི་དཔེ་དེབ་དང་ཡང་ན་༧ གོང་ས་མཆོག་གི་བོད་སྐད་ཀྱི་སྒྲ་འཇུག་གསུང་བཤད་ཁག་ལ་མཇལ་ན་ཧ་ཅང་གསལ་བོ་ཡིན། འོན་ཀྱང་། རང་རྣམ་རྩོམ་དེབ་གསར་བ་འདི་དེ་དག་གི་ཟུར་ཙམ་ལ་ཡང་སླེབས་མེད་པ་ཀློག་མ་ཐག་ནས་ཧོ་གོ་ཐུབ་པ་ཞིག་རེད།

ཨིན་ཡིག་གི་རྩོམ་དེབ་འདི་བོད་ཡིག་ཏུ་སྒྱུར་མཁན་ལོ་ཙྭ་བ་ཆུང་ཚེ་རིང་ལགས་ཀྱིས། “རྩོམ་དེབ་འདི་ཡིག་སྒྱུར་སྐབས་སུ་༧ གོང་ས་མཆོག་རང་ཉིད་ཀྱི་གསུང་སྟངས་ལ་ཐག་ཉེ་བ་དང་། བོད་ཀྱི་གཞུང་ཡིག་འབྲི་སྟངས་ལ་ཡང་ཐག་གང་ཉེ་བྱས་ཡོད་”ཟེར། གལ་སྲིད་ཐོག་མ་ཉིད་ནས་རྩོམ་དེབ་འདི་༧ གོང་ས་མཆོག་སྐུ་དངོས་ཀྱི་གསུང་ཇི་མ་ཇི་བཞིན། བོད་ཡིག་ཏུ་རྩོམ་སྒྲིག་གནང་ཡོད་ན་རྩོམ་དེབ་གང་དེ་ཡང་ཀློག་འགོ་བཙུགས་མ་ཐག་ནས། “ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།”་གི་རྩོམ་དེབ་བཞིན་ཁོང་སྐུ་དངོས་ཀྱིས་ཤར་ཤར་ངེད་ཅག་ལ་ཐད་ཀར་བཀའ་གསུང་གནང་བཞིན་པའི་སྣང་པ་ཞིག་སྟེར་ངེས་ཡིན། ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་ཞིག་བཏང་ན། ༧ གོང་ས་མཆོག་གི་རང་རྣམ་དུ་འབོད་པའི་དཔེ་ཆ་ཞིག ཁོང་རང་ཉིད་ཀྱི་ཕ་སྐད་མ་ཡིན་པའི་སྐད་ཡིག་གཉིས་པ་ཞིག་ཏུ་མི་ག་གེ་མོས་རྩོམ་བྲིས་གནང་རྗེས། ཚུར་བོད་སྐད་དུ་བསྒྱུར་དགོས་བྱུང་བ་འདི་ངེད་ཚོས་ལས་ཀའི་གོ་རིམ་མགོ་མཇུག་ཡོངས་སུ་ལྡོག་ནས་བྱས་པ་ཞིག་མ་རེད་དམ། འདིའི་ནང་དུ་རང་རྣམ་གཉིས་པ་ “བཙན་བྱོལ་དུ་རང་དབང་” ཞེས་པའི་རྩོམ་དེབ་དེ་ཡང་ཚུད་ཡོད། འོན་ཀྱང་ཁྱད་པར་ཞིག་ཡོད་པ་ནི་ “བཙན་བྱོལ་དུ་རང་དབང་” འབྲི་སྐབས་སྐུ་ཉིད་ད་དུང་དགུང་ན་དར་བའི་སྐབས་ཡིན་པས། མ་མཐར་ཡང་ཁོང་སྐུ་དངོས་ཀྱིས་རྩོམ་དེབ་དེ་ལ་གཟིགས་ཞིབ་ནན་པོ་ཞིག་ནི་ནན་ཏན་གནང་ཡོད་ངེས་རེད། ཡང་ཁ་ཅིག་གིས་རང་རྣམ་འདི་ཐོག་མར་ཨིན་ཡིག་ཏུ་འབྲི་དགོས་དོན་འཛམ་གླིང་མི་མང་གི་ཆེད་དུ་ཡིན་ནོ་ཞེས་སྨྲ་ན། “ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་” ལྟར། དང་པོ་བོད་ཡིག་ཏུ་བརྩམས་གྲུབ་རྗེས་ཕར་ཨིན་ཡིག་ཏུ་བསྒྱུར་ན་མི་ཆོག་གམ། འདི་ལྟར་བྱས་ན་ཁོང་སྐུ་དངོས་དང་ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་འཆད་སྐབས། བོད་རང་གི་བརྡ་སྐད་དང་འཆད་ཚུལ་གཙོ་བོར་བྱས་ནས་འཆད་ཐུབ་ལ། བོད་ཡིག་གི་རང་རྣམ་དེ་རང་རྣམ་གྱི་མ་ཡིག་ཨ་མ་དེ་ཡང་ཆགས་འགྲོ་བར་བརྟེན། གལ་སྲིད་ཨིན་འགྱུར་གྱི་རང་རྣམ་ལ་སྐྱོན་བྱུང་ཡང་བོད་ཡིག་གི་མ་ཡིག་ལུང་དྲངས་ནས་གསེད་དཀྲོལ་དང་བརྒལ་ལན་བྱེད་ཆོག་ཆོག་ཡིན། དེར་མ་ཟད་བོད་ཡིག་དང་ཨིན་ཡིག་གང་ཡིན་ཡང་ཡིག་སྒྱུར་བྱེད་མཁན་ནི་དེང་སང་ལག་ཐོགས་མི་དགོས་པའི་ཚད་ལ་ཐོན་འདུག

གང་ལྟར། འབུམ་རམས་པ་དགེ་བཤེས་ཐུབ་བསྟན་སྦྱིན་མཆོག་དང་། སློབ་དཔོན་ཆེན་མོ་ཇའསུ་ཨེལ་སུནུར་ (professor Jas Elsner) གཉིས་ཀྱིས་རྩོམ་སྒྲིག་གནང་བའི་ཨིན་ཡིག་གི་རང་རྣམ་འདི། ཕྱི་ལོ ༢༠༢༥ ཟླ་༠༣ ཚེས ༡༡ ཉིན་དངོས་ཚོང་རར་འགྲེམས་སྤེལ་བྱས་ཡོད་ལ། རྩོམ་སྒྲིག་པ་དགེ་བཤེས་ལགས་ཀྱིས་ནོར་ཝེ་རླུང་འཕྲིན་གྱི་བཅར་འདྲིའི་སྐབས། རྩོམ་དེབ་འདི་ཡེ་ཤུའི་དམ་པའི་གསུང་རབ་ནང་བཞིན། བོད་པ་མི་ཚང་རེ་རེའི་ཁྱིམ་དུ་ཉར་དགོས་པ་མ་ཟད་གཞན་ལ་ལེགས་སུ་སྟེར་དགོས་པའི་རྩོམ་དེབ་གལ་ཆེ་ཤོས་ཞིག་ཡིན་པར་གསུངས་སོང་། བཀའ་ལན་འདི་གོ་དུས་ངེད་ཀྱིས་སེམས་སུ་ཏན་ཏན་གལ་ཆེ་བའི་རང་རྣམ་འདི་ཚད་ལྡན་ཞིག་རྩོམ་སྒྲིག་བྱས་ཡོད་རྒྱུ་རེད་བསམ་སོང་། གང་ཡིན་ཟེར་ན། རང་རྣམ་འདི་ལྟ་བུ་ནི་མ་འོངས་པའི་བོད་ཀྱི་ལོ་རྒྱུས་འཆད་ཚུལ་དང་སྐུ་མདུན་ཁོང་སྒེར་གྱི་མཚན་སྙན་གཉིས་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད།

ཡིན་ན་ཡང་རང་རྣམ་རྩོམ་དེབ་འདི་ཚར་གཅིག་བཀླགས་རྗེས་ཡིད་ལ་ཤིན་ཏུ་མི་བདེ་པ་ཞིག་བྱུང་།  ཨིན་ཡིག་གི་རང་རྣམ་གལ་ཆེན་དུ་འབོད་པ་འདིའི་མགོ་མཇུག་བར་གསུམ་དུ། ལོ་ཚིགས་ནོར་བ་དང་། བྱུང་རིམ་ནོར་བ། བརྗོད་བྱ་ནོར་བ། ཐ་སྙད་བཀོལ་ཚུལ་ནོར་བ་སོགས་སྐྱོན་དང་ནོར་འཁྲུལ་གྱིས་ཁེངས་ནས་འདུག་པ་ནི། ཐོག་མར་ཡིད་མི་ཆེས་པ་ཞིག་རེད་ལ་ཡང་གཅིག་བསམ་ན་སེམས་ཀྱི་མི་བཟོད་པ་ཞིག་ཀྱང་རེད། འདིར་ལྷག་བསམ་རྣམ་དག་གིས་བགྲོ་གླེང་བའི་ཚུལ་དུ་དཔེར་མཚོན་ཁ་ཤས་འགོད་རྒྱུ་ཡིན། 

ཐོག་མར་ཨིན་ཡིག་གི་མ་དེབ་ཐད་ཀར་ལུང་དྲངས་ནས་ལོ་ཚིགས་ནོར་བ་ཁ་ཤས་དཔེར་འགོད་ན། 

ངོ་སྤྲོད་ཀྱི་ལེའུར།  ཏིན་ཤོ་ཕེན་གྱིས་ལོ་རབས་བརྒྱད་ཅུའི་ནང་དུ་ནུབ་ཕྱོགས་སྒོ་འབྱེད་བྱས་པ་རེད་ཟེར། (..in the 1980s, when་the Chinese leader Deng Xiaoping opened up China; and in the first decade of this century.) འོན་ཀྱང་། ཏིན་གྱི་ནུབ་ཕྱོགས་སྒོ་འབྱེད་དེ་ཕྱི་ལོ ༡༩༧༨ ནས་འགོ་བཙུགས་ཟིན་པ་རེད་ལ། ལོ་རྒྱུས་ཡོངས་གྲགས་སུ་ལོ་རབས་བདུན་ཅུའི་མཇུག་གི་ནུབ་ཕྱོགས་སྒོ་འབྱེད་ཅེས་སུ་འབོད།

ལེའུ་བརྒྱད་པར། དགའ་ལྡན་དགོན་པའི་གྲྭ་བ་ཚོས་སྣེ་ཁྲིད་ནས་ཕྱི་ལོ ༡༩༨༨ ལོར་ལྷ་སར་ངོ་རྒོལ་བྱུང་ཞིང་། དེ་ལ་བརྟེན་ནས་ཕྱི་ལོ ༡༩༨༨ ཟླ་ ༠༣ ཚེས ༠༨ ཉིན་ལྷ་སར་དྲག་པོའི་དམག་གི་བཀའ་རྒྱ་བཀོལ་བ་རེད་ཅེས་བྲིས་ཡོད། (After a lull, on the last day of the Great Prayer Festival on March 5, 1988, another protest erupted by the monks from Ganden Monastery. This led to spontaneous protests across the་country, and martial law was imposed on March 8, 1988, in Lhasa.) དགའ་ལྡན་དགོན་པའི་སྣེ་ཁྲིད་པའི་ངོ་རྒོལ་གཙོ་བོ་དེ་ཕྱི་ལོ ༡༩༨༩ ལོ་ཡིན་པར་མ་ཟད། དེ་ལ་བརྟེན་ནས་དམར་གཞུང་གིས་ཕྱི་ལོ ༡༩༨༩ ཟླ་གསུམ་པར་ལྷ་སར་དྲག་པོའི་བཀའ་རྒྱ་(martial law)བཏང་ཡོད། སྤྱིར་ལྷ་སར་ཕྱི་ལོ ༡༩༨༨ དང་ ༡༩༨༩ གཉིས་སུ་ངོ་རྒོལ་བྱུང་ཡོད་ན་ཡང་འདིར། ངོ་རྒོལ་དེ་གཉིས་གོ་རིམ་ཡོངས་སུ་ནོར་ནས་བྲིས་འདུག 

རང་རྣམ་རྩོམ་དེབ་འདི་རྩོམ་སྒྲིག་བྱེད་སྐབས། ཞིབ་ཚགས་དང་ནན་ཏན་མ་བྱས་པའི་དཔེ་མཚོན་གཞན་ཞིག་ནི། དཔེ་དེབ་དེའི་འདྲ་པར་སྡེ་ཚན་དུ། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མའི་གཟེངས་རྟགས་སྐོར་གླེང་སྐབས། (Receiving the Congressional Gold Medal from President Bush at the United States Capitol,October 27, 2017.) དོན་ངོ་མར་གསེར་གྱི་གཟེངས་རྟགས་དེ་༧ གོང་ས་མཆོག་ལ་ཕྱི་ལོ ༢༠༠༧ ཟླ ༡༠ ཚེས ༡༧ ཉིན་ཕུལ་ཡོད་པས། དེབ་འདིར་ལོ་དུས་དང་ཚེས་གྲངས་གཉིས་ཆ་ནོར་ཡོད། བལྟས་ན་ཆུང་ཆུང་འདྲ་བ་འདི་ཡང་རྒྱལ་སྤྱིའི་རང་བཞིན་གྱི་དཔེ་དེབ་ཅིག་ལ་མཚོན་ན་གནད་དོན་ཧ་ཅང་ཆེན་པོ་ཡིན།

བོད་རང་གི་ལོ་རྒྱུས་འཆད་ཚུལ་དང་འགལ་བར་སོང་ནས་དོན་ནོར་ཐེབས་པ་ཁག། 

ལེའུ་དང་པོར། བོད་ཚུད་པའི་ཨེ་ཤ་ནང་མའི་སྟོབས་ཤུགས་ཁག་དང་མན་ཇུ་བཙན་རྒྱལ་གྱི་འབྲེལ་བ་གླེང་སྐབས། (The former was a Manchu empire that had, at various times, different nations under its protectorate.) ཆབ་སྲིད་ཚན་རིག་དང་མི་སེར་སྤེལ་བའི་རིང་ལུགས་སྦྱོང་མྱོང་མཁན་ཞིག་ཡིན་ན། འབྲེལ་བཤད་བྱེད་ཚུལ་འདིས་བོད་ཀྱི་སྲོལ་རྒྱུན་མཆོད་ཡོན་ཟུང་འབྲེལ་གྱི་ལོ་རྒྱུས་འཆད་ཚུལ་འདི་ལ་རྒྱབ་འགལ་བྱས་ཡོད་པ་གསལ་བོར་ཤེས་ཐུབ། ལྷག་པར་ལོ་རྒྱུས་ཆབ་སྲིད་ཀྱི་བརྡ་ཆད་སྲུང་སྐྱོབ་མངའ་ཁུལ་(protectorate) འདིར་བདེ་སྤྱོད་བཏང་བ་ནི་ལོ་རྒྱུས་ལོག་འགྲེལ་དུ་སོང་ཡོད། ད་དུང་གོང་གི་ཚིག་གྲུབ་དེའི་མཇུག་དེ་མ་ཐག་ཏུ། (Modern China, on the other hand, was

claiming to be an anti-imperialist multi-nation state, not an empire. So the basic logic behind China’s claim over Tibet, even in terms of suzerainty rather than sovereignty, was flawed.) ཕར་བལྟས་མ་ཐག་ཏུ་སྒྲུབ་བྱེད་འདི་བདེན་བདེན་འདྲ་ཞིག་ཡོད་ན་ཡང་། བློ་ཞིབ་མོས་བསམ་ན་ཚིག་གྲུབ་རྗེས་མ་དེས་བོད་མན་ཇུ་བཙན་རྒྱལ་ཀྱི་དབང་འོག་ཏུ་ཡོད་པ་ཁས་ལེན་བྱས་པ་མ་ཡིན་ནམ། སྐབས་འདིའི་མིང་ཙམ་གྱི་བདག་དབང་འགྲེལ་བཤད་བྱེད་སྐབས། (suzerainty) ཐད་ཀར་ཁམ་ཟམ་སློབ་ཆེན་གྱི་ཚིག་མཛོད་ཁོ་ན་ནས་ཁུངས་སུ་དྲངས་ཡོད། (Cambridge Dictionary defines “suzerainty” as “the right of a country to partly control another) ལོ་རྒྱུས་ཀྱི་དཔེ་དེབ་གལ་ཆེན་འདི་འདྲ་ཞིག་ཏུ་གལ་ཆེའི་བརྡ་ཆད་འགྲེལ་བཤད་བྱེད་སྐབས། སྤྱིར་བཏང་གི་ཚིག་མཛོད་གཅིག་ཁོ་ནར་བརྟེན་པ་འདིས་ཀྱང་དེབ་འདིའི་ལྗིད་ཁོག་ལ་ཚད་མཇལ་བྱས་ཡོད་པ་མ་ཡིན་ནམ།

ལེའུ་བཅུ་བར། དགེ་སློང་མའི་སྡོམ་རྒྱུན་སྐོར་གླེང་སྐབས། (Admirably, it is only in the Chinese tradition that the lineage of full ordination for women as bhikshuni (fully ordained nuns) has survived, traceable all the way back to the time of the Buddha) གནད་དོན་འདིའི་སྐོར་ལ་ཚད་ལྡན་ཞིབ་འཇུག་རྩོམ་ཡིག་ཀྱང་བརྒྱ་ཕྲག་བརྒལ་བ་ཡོད་པས། གཞི་རྩའི་ཆོས་སྲུང་སྡེ་བ་དང་དེ་དང་འབྲེལ་བ་ཡོད་པའི་རྒྱ་ནག ཀོ་རི་ཡ་དང་། ཐེ་ཝན། ཝེ་ཏི་ནམ་བཅས་ཀྱི་སྡོམ་རྒྱུན་སྐོར་གླེང་སྐབས། མ་མཐའ་ཡང་ཆོས་སྲུང་སྡེ་བ་དང་རྒྱ་བརྒྱུད་ནང་བསྟན་གཉིས་ཀྱི་འདྲ་བ་དང་མི་འདྲ་བའི་ཆ་གཉིས་ཆ་ཤེས་དགོས་ངེས་རེད། གོང་གི་ཚིག་གྲུབ་དེ་ནས་མུ་མཐུད་ཀློག་དང་མུ་མཐུད་དུ་འགལ་བ་མང་པོ་ཞིག་ཤོར་ཡོད། དེ་ལ་བརྟེན་ནས། ཡིག་སྒྱུར་མཁན་ཆུང་ཚེ་རིང་མཆོག་གིས་བླ་མཁར་ཞེས་པའི་མཁས་པའི་དྲྭ་ཚོམས་སུ་གསུང་བཤད་གནང་སྐབས། “ཨིན་ཡིག་ཏུ་བྲིས་པའི་དགེ་སློང་མའི་སྡོམ་རྒྱུན་སྐོར་གི་བཤད་པ་དག་ཕལ་ཆེ་བ་བསྐྱར་འབྲི་བྱེད་དགོས་བྱུང་སོང་།” ཞེས་གསུངས་སོང་། 

ལེའུ་ལྔ་བར། ཤར་ཏུར་ཀི་སི་ཐན་གྱི་སྐོར་འཆད་སྐབས། (Although Xinjiang (literally “New Frontier”) is the name most recognizable in current international literature for East Turkistan, it is, in fact, a colonial name invented by China. The Uyghur people themselves refer to the geographic region that is their home as East Turkistan.) ཞེས་ཞབས་མཆན་དུ་བཀོད་ཡོད་པ་ནི་ཧ་ཅང་ལེགས། འོན་ཀྱང་། དེབ་འདིའི་ལེའུ་དགུ་བར། (the Mongols of Inner Mongolia, and the Uyghur people of East Turkistan (Xinjiang))  ནང་སོག་(inner Mongolia)ཞེས་ཞབས་མཆན་གྱི་འགྲེལ་བཤད་ཙམ་ཡང་མེད་པ་ནི་གཡག་ཞར་གྱིས་རྩྭ་ཟོས་པའི་དཔེ་རུ་སོང་བ་མ་ཡིན་ནམ། ཆབ་སྲིད་ལོ་རྒྱུས་བརྡ་ཆད་ཀྱི་ངོས་ནས་བཤད་ན། “ནང་སོག་”ཅེས་པའི་ཐ་སྙད་ནི་གཙོ་བོ་དུས་རབས་ཉི་ཤུ་བའི་སྟོད་དུ་གཞུང་ཡིག་ཏུ་བཀོལ་ཡོད་ལ། “ཞིན་ཅང་”ཞེས་པའི་ཐ་སྙད་དེ་མན་ཇུ་བཙན་རྒྱལ་སྐབས་ནས་བཟུང་གཞུང་ཡིག་ཏུ་བཀོལ་ཡོད་ལས། སྐབས་འདིར་མི་སེར་སྤེལ་བའི་ཐ་སྙད་“ནང་སོག་”ཅེས་པར་ཡང་འགྲེལ་བཤད་དགོས་ངེས་ཡིན། ད་ལྟའི་ཡིག་ཆ་ཁག་ཏུ་ལྷོ་སོག་ཅེས་བཀོལ་བཞིན་པ་ཡང་ཡོད། 

ལེའུ་བཅུ་གཅིག་པར། རྒྱ་ནག་གོ་མིན་ཏང་གི་སྐོར་འཆད་སྐབས། (the government, ruled by the Nationalist Party (known also as Kuomintang) originally founded by Chiang Kai-shek…) གོ་མིན་ཏང་ཕྱི་ལོ ༡༩༡༢ ཟླ་༠༨ པར་དངོས་སུ་བཙུགས་ཤིང་།   སྐབས་དེར་ཅང་ཅེ་ཧྲི་ནི་ད་དུང་ལོ་ཉི་ཤུ་ལྷག་ལ་སོན་ཙམ་གྱི་དམག་མི་དཀྱུས་མ་ཞིག་ཡིན། ༧ གོང་ས་མཆོག་གི་མིང་ཁུར་ནས་རྒྱ་ནག་གི་སྐོར་འཆད་སྐབས། མ་མཐའ་ཡང་གཞི་རྩའི་ལོ་རྒྱུས་འདི་དག་ལ་རྒྱུས་མེད་ན། ཁོང་སྐུ་ཉིད་ཀྱི་ཞབས་འདེགས་ལས་ཞབས་འདྲེན་དུ་མི་འགྱུར་རམ།

ལེའུ་བཅུ་གཅིག་པར།  གསེར་བུམ་དཀྲུགས་འདོན་སྐོར་འཆད་སྐབས། (First, it was introduced by Qianlong, a devout Tibetan Buddhist, to be used in the་presence of sacred icons with the names of the candidates rolled inside dough balls and placed within the urn.) དེབ་འདིར་བླ་སྤྲུལ་གྱི་འོས་མི་ཁག་གི་མཚན་ཐོ་“ཟན་གྱི་ནང་དུ་བསྒྲིལ་”ནས་གསེར་བུམ་དུ་བླུགས་པར་བརྗོད་ཡོད། ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེར་དགུ་སོགས་རྒྱ་བོད་ཀྱི་ཡིག་ཚགས་ཚད་ལྡན་གང་ལ་བལྟས་ཀྱང་། བླ་མའི་མཚན་ཐོ་ཁག་ཤིང་བྱང་ཐོག་ཏུ་སྐད་ཡིག་གསུམ་གྱིས་བྲིས་ནས་གསེར་བུམ་དུ་བླུགས་དགོས་པ་གསལ་བོར་འཁོད་ཡོད་པ་ལས་ཟན་གྱི་ནང་དུ་བསྒྲིལ་དགོས་པ་གང་དུ་ཡང་འཁོད་མེད། ༧ གོང་ས་མཆོག་གི་མ་འོངས་ཡང་སྲིད་སྐོར་དང་འབྲེལ་བའི་གསེར་བུམ་དཀྲུགས་འདོན་ལ་ལོ་རྒྱུས་དཔང་དུ་བཞག་ནས་དགག་པ་གཏོང་བཞིན་པའི་སྐབས་སུ། ༧ གོང་ས་མཆོག་གི་མཚན་ཐོག་ནས་ཐོན་པའི་རང་རྣམ་དེབ་འདིར། ཐ་ན་གསེར་བུམ་དཀྲུགས་འདོན་གྱི་གཞི་རྩའི་རྒྱུན་ཤེས་ཙམ་ཡང་མེད་པ་འདིའི་ངན་ཁག་སུ་ལ་འགེལ་དགོས་སམ།

ཨིན་ཡིག་གི་རང་རྣམ་འདི་ཆུང་ཚེ་རིང་ལགས་ཀྱིས་ཡིག་སྒྱུར་གནང་སྐབས་སྐུ་སྒེར་ཡིག་ཚང་གི། སྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་དང་། ཡང་སྟེང་རིན་པོ་ཆེ་ལགས། རྔ་བ་ཚེ་རྒྱམ་ལགས། བསྟན་པ་ཚེ་རིང་ལགས། ཚེ་བརྟན་བསམ་འགྲུབ་ལགས་བཅས་སུ། བསྒྱུར་ཡིག་གི་མ་ཡིག་ཕུལ་ནས་ཞུ་དག་ཐེངས་མང་གནང་བར་ཕུལ་ཡོད་པ་དང་། ཆུང་ཚེ་རིང་ལགས་ཀྱིས་བརྒྱུད་རིམ་དེའི་ཁྲོད་དུ་ཨིན་ཡིག་དེབ་འདིའི་ཁྲོད་ཀྱི་ནོར་བ་ཁ་ཤས་ངོས་ཟིན་བྱུང་བར་གསུངས་འདུག གནས་ཚུལ་འདིས་ངེད་ཚོར་དྲི་བ་གལ་ཆེན་གཅིག་སློང་ངེས་ཡིན། ཨིན་དེབ་རྩོམ་སྒྲིག་གནང་མཁན་གཉིས་ཀྱིས་རང་རྣམ་འདི་རྩོམ་འབྲི་དང་ཞུ་སྒྲིག་གནང་སྐབས། སྐུ་སྒེར་ཡིག་ཚང་གི་དྲུང་ཡིག་ཁག་ཚུད་པའི་མི་སྣ་སུ་ལ་ཡང་དེབ་འདི་སྤྱན་འབུལ་ཙམ་ཡང་ཞུས་མེད་པ་ཡིན་ནམ། ཡང་ན་སྤྱན་འབུལ་ཞུས་ཀྱང་གལ་ཆུང་དུ་བརྩིས་ནས་ཞིབ་གཟིགས་མ་གནང་བ་ཡིན་ནམ། 

༧ གོང་ས་མཆོག་ནི་བོད་དང་བོད་མིའི་ཚབ་མཚོན་ལྟ་བུ་ཡིན་པར་བརྟེན། རང་རྣམ་རྩོམ་དེབ་འདི་ཁོང་སྐུ་དངོས་ཀྱིས་བརྩམས་གནང་མིན་ལ་མ་ལྟོས་པར། མ་འོངས་པར་དཔེ་ཆ་འདི་བོད་ཀྱི་ལོ་རྒྱུས་འཆད་ཚུལ་གྱི་གཞི་རྩ་གལ་ཆེ་ཤོས་ཤིག་དང་། ཁོང་སྐུ་ཉིད་ཀྱི་ཤེས་རབ་དང་མཁྱེན་རྒྱ་སོགས་ཀྱི་དཔེ་མཚོན་ལྟ་བུར་རྩི་ངེས་པར་བརྟེན། གོང་དུ་བཀོད་པའི་ནོར་འཁྲུལ་འདི་དག་ལ་སུས་འགན་ལེན་རྒྱུ་ཡིན་ནམ། ཆུང་ཚེ་རིང་ལགས་ཀྱི་བཅར་འདྲི་འདི་ལྟར་ན། “དགེ་བཤེས་ལགས་ཀྱིས་དཔར་ཐེངས་རྗེས་མའི་སྐབས་སུ་ནོར་འཁྲུལ་དེ་དག་ལ་ཞུ་དག་བྱེད་རྒྱུ་ཡིན་གསུངས་སོང་ཟེར།” སྐད་ཆ་འདི་ལྟར་ན་རྩོམ་སྒྲིག་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་ཀྱང་དེབ་འདིར་ནོར་འཁྲུལ་མང་པོ་ཤོར་ཡོད་པ་ངོས་ལེན་གནང་ཡོད་པ་འདྲ། འོན་ཀྱང་ཡ་མཚན་པ་ཞིག་ལ། ཅིའི་ཕྱིར་དགེ་བཤེས་ལགས་ཀྱིས་ད་དུང་མུ་མཐུད་དུ་གོ་སྐབས་ནམ་ཡོད་ལ། དཔེ་དེབ་འདི་གང་མང་མང་ཉོ་དགོས་པ་དང་། ཁྱབ་སྤེལ་གང་མང་མང་བྱེད་དགོས་པ་གསུང་བཞིན་པ་ཡིན་ནམ། དེ་བཞིན་དུ་དགེ་བཤེས་ལགས་ཀྱིས་ད་དུང་ཅིའི་ཕྱིར་དུ་དེབ་གལ་ཆེན་འདིར་ནོར་འཁྲུལ་མང་པོ་ཤོར་བར་༧ གོང་ས་མཆོག་གཙོས་བོད་མི་མང་ལ་བཟོད་གསོལ་མི་ཞུ་བ་ཡིན་ནམ། 

ལོ་རྒྱུས་ཀྱི་བསྡོམས་མང་པོ་བརྒྱབ་ཡོད་པའི་དཔེ་ཆ་འདི་ལྟ་བུ་ཞིག་ཡིན་ན། དཔེ་ཁུངས་ལུང་འདྲེན་བྱེད་པ་ནི་ད་ལྟའི་དུས་འདིར་གཡོལ་དུ་མེད་པ་ཞིག་ཡིན་ལ། རྩོམ་པ་པོའི་ལྟ་རྒྱ་ཐོས་རྒྱ་དང་རྩོམ་དེབ་ཀྱི་སྤུས་ཚད་ཀྱང་། ལུང་འདྲེན་དཔེ་ཁུངས་ཀྱི་སྤུས་ཀ་ལུང་འདྲེན་བྱེད་ཚུལ་གྱི་ཞིབ་ཚགས་རང་བཞིན་བཅས་ལ་རགས་ལས་ཡོད། འོན་ཀྱང་། དཔེ་དེབ་འདིར་འབྲེལ་ཡོད་ཀྱི་དཔེ་ཁུངས་ཚད་ལྡན་མང་པོ་ལུང་འདྲེན་བྱེད་ཐུབ་མེད་པ་མ་ཟད། ལྷག་པར་དུ་རང་དང་ལྟ་བ་མཐུན་པ་འགའ་ཞིག་ལས་ལྟ་ཚུལ་མི་མཐུན་ཡང་ཚད་ལྡན་ཡིན་པའི་ཡིག་ཆ་གཞན་སྣང་མེད་བཏང་ཡོད་གསལ་བོ་ཡིན། དེ་ལས་ཀྱང་མངོན་གསལ་དོན་ཤོས་ཤིག་ནི། དཔེ་ཁུངས་ལུང་འདྲེན་བྱེད་ཚུལ་གྱི་གཞི་རྩའི་འགྲོ་ཚུལ་ཁ་ཤས་ཀྱང་འགྲིགས་མེད་པ་སྟེ། དཔེར་ན། དྲ་ཐོག་གི་རྒྱུ་ཆ་ལུང་འདྲེན་བྱེད་སྐབས། ལུང་ཁུངས་དེ་དྲ་ཐག་གང་ནས་ཡིན་པ་དང་། ལྷག་པར་དུ་རྩོམ་སྒྲིག་པས་དྲ་ཐོག་ནས་ག་དུས་མཐོང་བའི་གནས་ཚུལ་དགོས་གལ་ཆེ་བ་ཡིན། འོན་ཀྱང་། དེབ་འདིའི་མཆན་ཞབས་སུ་བཀོད་པའི་དྲ་ཐག་མང་ཤོས་ལ་ག་དུས་མཐོང་མིན་གྱི་གནས་ཚུལ་གང་ཡང་བཀོད་མེད། འདིས་ལུང་འགོད་ཚུལ་གཞན་དག་ལ་ཡང་རིགས་འགྲེ་དགོས། སྤྱིར་ན་གནས་ཚུལ་འདི་དག་མང་བོ་ཞིག་གིས་གནས་ཚུལ་ཆུང་ཚགས་ཞིག་ཏུ་མཐོང་སྲིད་མོད། རྩོམ་དེབ་ཚད་ལྡན་ཞིག་འགྲུབ་པར་འདི་དག་ནི་གཞི་རིམ་གྱི་ཀ་བ་ལྟ་བུ་ཡིན་པར་མ་ཟད། དེ་ལས་༧ གོང་ས་མཆོག་ལྟ་བུའི་མི་སྣ་ཞིག་གི་ལོ་རྒྱུས་འཆད་སྐབས། འདི་དག་ཚད་ལྡན་མ་བྱུང་ཕྱིན་རིན་པོ་ཆེ་ཁོང་ལྟ་བུ་ཞིག་གི་མཚན་སྙན་ལ་ཕན་པ་ལས་གནོད་པར་མི་འགྱུར་བའི་ངེས་པ་ཡང་མེད་པ་ཡིན།

སྐབས་འདིར་ངེད་ཀྱི་སེམས་པ་གཡོལ་ཐབས་མེད་པའི་དྲི་བ་ཁ་ཤས་ཞིག་འཁོར་བ་ནི། 

གཅིག རྩོམ་དེབ་འདི་འདྲ་ཞིག་ཨིན་ཡིག་ཏུ་འབྲི་རྒྱུའི་འཆར་གཞི་ཐོག་མར་འདོན་མཁན་སུ་ཡིན་ནམ། ༧ གོང་ས་མཆོག་ཡིན་ནམ། ཡིག་ཚང་གི་སྐུ་འཁོར་གང་རུང་ཡིན་ནམ། ཡང་ན་རྩོམ་སྒྲིག་པ་གཉིས་ཡིན་ནམ། 

གཉིས། གལ་སྲིད་༧ གོང་ས་མཆོག་དང་སྐུ་སྒེར་གང་རུང་ཡིན་ན། ཁོང་ཚོས་རྩོམ་སྒྲིག་པ་གཉིས་ལ་ཕར་རེ་སྐུལ་ཞུས་པ་ཡིན་ནམ། ཡང་ན་འཆར་གཞི་འདི་འདྲ་ཞིག་ཡོད་པ་ཤེས་རྗེས། རྩོམ་སྒྲིག་པ་གང་རུང་གིས་དཔའ་ཁས་ལེན་བྱས་ནས་མདུན་ལ་ཐོན་པ་ཡིན་ནམ།

གསུམ། རང་རྣམ་གལ་ཆེན་འདི་རྩོམ་སྒྲིག་བྱེད་སྐབས། རྩོམ་སྒྲིག་མཁན་གཉིས་ཀྱིས་དང་བླངས་བྱས་པ་ཡིན་ནམ། ཡང་ན་ཁོང་གཉིས་ལ་རང་རྣམ་རྩོམ་སྒྲིག་གི་གླ་ཆ་ཕུལ་ཡོད། འོ་ན་གླ་ཆ་འབུལ་མཁན་སུ་ཡིན་ནམ། ག་ཚོད་ཅིག་ཕུལ་ཡོད་དམ།  ༧ གོང་ས་མཆོག་གི་མཛད་འཕྲིན་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་མཁན་ཞིག་ཡིན་ན་ལས། ད་ལྟའི་སྤྱི་ཚོགས་འདིར་གླ་མེད་ལས་ཀ་བྱེད་མཁན་ནི་ཉིན་སྐར་བཞིན་ཡིན་ན་ཡང་། གླ་ཆ་བླངས་ནས་ལས་གཞི་གལ་ཆེན་འདི་སྤུས་ཚད་ཅན་ཞིག་འབྲི་ཐུབ་མི་འདུག་པས། དེའི་འགན་སུ་ཞིག་གིས་འཁུར་རྒྱུ་ཡིན་ནམ། ཁོང་ཚོའི་བར་དུ་གན་རྒྱ་དེ་འདྲ་བཞག་ཡོད་དམ། 

བཞི། ༧ གོང་ས་མཆོག་གི་མཚན་སྙན་ལ་བརྟེན་ནས། ཁོང་གི་དཔེ་དེབ་རེ་རེས་སྒོར་མོ་ས་ཡ་མང་པོ་བཟོ་ཐུབ་བཞིན་ཡོད། སྔོན་ཆད་བཅར་འདྲི་ཞིག་གི་སྐབས། ༧ གོང་ས་མཆོག་གིས་ཁོང་གི་ཡོངས་ཁུངས་གཙོ་བོ་ཞིག་ནི་ཁོང་གི་རྩོམ་དེབ་ཁག་ཡིན་ལ། དེ་དག་ཡོངས་འབབ་ཁག་བརྒྱ་ཆ་ཁག་བགོས་ཀྱིས་བཙན་བྱོལ་གཞུང་དང་། སྐུ་སྒེར་ཡིག་ཚང་། གནད་དོན་གཞན་ཁག་བཅས་ཀྱི་ཐོག་ཏུ་རིམ་པ་བཞིན་དུ་གནང་བཞིན་པར་གསུངས་པ་ཞིག་དྲན། དེས་ན་ཉེ་ཆར་གྱི་ཁོང་གི་ཨིན་དེབ་འདི་ཧ་པུར་ཀོ་ལིན་HarperCollinsཔར་ཁང་གིས་དཔར་བསྐྲུན་བྱས་འདུག། རྩོམ་དེབ་འདིའི་ཡོངས་སྒོ་ཆ་ཚང་སུ་ཞིག་ལ་འཐོབ་བཞིན་ཡོད་དམ། རྩོམ་སྒྲིག་པ་གཉིས་ལ་བརྒྱ་ཆ་དེ་འདྲ་འཐོབ་བཞིན་ཡོད་དམ། ནོར་འཁྲུལ་ཤོར་ཡོད་པའི་དེབ་འདི་མུ་མཐུད་འཚོང་དགོས་དོན་ཚོང་དང་འབྲེལ་བ་ཡོད་དམ། 

མཇུག་གཏམ། བོད་མི་བརྒྱ་ཆ་མང་ཤོས་ལ་མཚོན་ན། ༧ གོང་ས་མཆོག་གི་མཚན་སྙན་དང་ཆེ་མཐོང་ནི་སོ་སོའི་མདུན་ལམ་ལས་ཀྱང་གལ་ཆེ་ལ། དེའི་ཆེད་དུ་སྐབས་མང་བོར་ཕྱི་ནང་གང་ལ་ཕོག་ཐུག་བྱུང་རུང་མདུན་ལ་མཆོང་མཁན་མང་པོ་ཡོད་པ་ཡིན། ངེད་རང་ཡང་དེ་དག་གྲས་ཀྱི་གཅིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཨིན་དེབ་འདིའི་སྐོར་འུར་གྱིས་སྤུར་རྒྱུ་ཧ་ཅང་མང་བར་བརྟེན། ཐེངས་གཅིག་ཞིབ་ཙམ་བཀླགས་པའི་རྗེས་གོང་དུ་འཁོད་པའི་གནད་དོན་ཁག་རྙེད་བྱུང་། དེའི་ཐོག་ཏུ་བོད་ཡིག་ཏུ་བསྒྱུར་གནང་མཁན་ཆུང་ཚེ་རིང་ལགས་ཀྱིས་ཀྱང་འདིའི་སྐོར་གསུངས་བར་བརྟེན། བོད་མི་སྤྱིས་ཀློག་ཐུབ་པའི་ཆེད་དུ་བཤད་འདོད་པའི་སྐད་ཆ་འདི་དག་ཡི་གེར་ཕབ་པ་ཡིན། ༧ གོང་ས་མཆོག་གི་དགུང་ན་མཐོ་བའི་གོ་སྐབས་བེད་སྤྱད་ནས་སྒེར་གྱི་ཁེ་ཕན་སྒྲུབ་མཁན་དང་། ཡང་ན་ལྷག་བསམ་རྣམ་དག་ཡིན་ན་ཡང་༧ གོང་ས་མཆོག་གི་མཚན་སྙན་ལ་ཕན་པ་ལས་གནོད་པ་བཟོ་མཁན་སུ་ཡིན་ན་ཡང་སྐད་ཆ། མདུན་དུ་ཐོན་ནས་ཁ་གསལ་གཏིང་གསལ་གྱིས་སྐད་ཆ་དྲང་པོ་བཤད་རྒྱུ་དེ་ང་ཚོ་ཚང་མའི་འོས་འགན་ཡིན་པར་སེམས།

དེ་རིང་གི་དུས་འདིར་༧ གོང་ས་མཆོག་གི་ཨིན་དེབ་དེ་རང་གཞུང་གི་ལས་ཐོག་སྲིད་སྐྱོང་མཆོག་ནས་བཟུང་། ས་ཆ་ག་གེ་མོའི་ཟ་ཁང་དུ་དཀར་ཡོལ་འཁྲུ་མཁན་ཚུན་ཆད་ཀྱི་བོད་པ་ཚོས། མཐོ་རྒྱལ་ཁབ་རིམ་པའི་མགོ་ཁྲིད་ནས་བཟུང་དམའ་མི་མང་དཀྱུས་མའི་བར་དུ། རྩོམ་སྒྲིག་པ་དགེ་བཤེས་ལགས་ཀྱི་ཁྱབ་བསྒྲགས་བཞིན་དུ་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་འདུག་པས། སོ་སོའི་བཟང་སྤྱོད་དང་སྐུ་མདུན་གྱི་མཚན་སྙན་ལ་དོན་དངོས་འགན་ཁུར་མཁན་ཞིག་ཡིན་ན། ལམ་སངས་ནོར་བ་ངོས་ལེན་དང་བཅས་ནོར་འཁྲུལ་གྱི་ཕུང་པོ་སྤུངས་པའི་རྩོམ་དེབ་འདི་ཕྱིར་བསྡུ་བྱེད་པའམ། ཡང་ན་མ་མཐའ་ཡང་བཙོངས་མཚམས་བཞག་ནས་གང་མགྱོགས་བསྐྱར་ཞུས་ཚད་ལྡན་གནང་ནས་བསྐྱར་དུ་དཔར་སྐྲུན་བྱེད་གལ་ཆེ་བར་སེམས། གལ་སྲིད་ངེད་ཀྱི་རྨོངས་འཆར་འདི་དག་བདེན་པ་མིན་པ་དང་། གང་ཟག་སུ་རུང་ཞིག་ལ་གཞི་མེད་བསྙོན་འཛུགས་བྱེད་བཞིན་ཡོད་པར་འདོད་ཚེ། གཅིག་བྱས་ན་སྐུ་ཉིད་ཀྱི་དཔེ་སྒྲོམ་ནང་ངམ་ཡང་ན་མདུན་ཅོག་ཐོག་ཏུ། ཨིན་ཡིག་གི་རྩོམ་དེབ་འདི་ཡོད་ངེས་ཡིན་པས། གོང་དུ་ལུང་དྲངས་པའི་ལེའུ་རེ་རེ་བཞིན་དུ་སོ་སོས་ཐད་ཀར་ཀློགས་ཤིག་དང་ཉི་ཤར་སྤར་མོས་མི་ཁེབས་པའི་ཚོད་ཡིན།

གོང་འཁོད་རྩོམ་ཡིག་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་གའི་གསར་ཁང་གི་མ་ཡིན།