བོད་དང་འབྲེལ་བའི་ཡུལ་སྐོར་སྤྲོ་འཆམ་གྱི་ཁྱབ་བསྒྲགས་ལ་ངོ་རྒོལ།
ཁེ་ན་ཊའི་གྲོང་ཁྱེར་ཀྲོ་རོན་ཀྲོའི་འགྲིམ་འགྲུལ་ལས་ཁང་གིས་བོད་རྙིང་པ་དང་གསར་པའི་རྣམ་པ་སྟོན་ཐབས་ཀྱི་དྲིལ་བསྒྲགས་བྱས་ཡོད་འདུག་པས། ཁེ་ན་ཊའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཁྱབ་བསྒྲགས་དེ་ཕྱིར་འཐེན་བྱེད་དགོས་པའི་ལས་འགུལ་སྤེལ་བཞིན་ཡོད་འདུག
དེ་ཡང་ཁེ་ན་ཊའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྲོ་རོན་ཀྲོའི་འགྲིམ་འགྲུལ་ལས་ཁང་ལ་ཡི་གེ་ཞིག་བཏང་ནས། པར་རིས་དེ་ཕྱིར་འཐེན་བྱེད་པའི་རེ་སྐུལ་བྱས་ཡོད་འདུག་པ་དང་། དེ་ནང་ “ཁྱབ་བསྒྲགས་དེ་ནི་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་གྱི་ལས་ཁང་བརྒྱུད་ནས་བྱས་པའི་དྲིལ་བསྒྲགས་ཤིག་ཡིན་པ་དང་། ཁྱབ་བསྒྲགས་དེའི་ནང་རིག་གཞུང་རྙིང་པ། བོད་གསར་པ་ཞེས་བྲིས་ཡོད་འདུག་པ་དང་། མི་རིགས་ལ་མཐོང་ཆུང་བྱེད་པའི་ཁྱབ་བསྒྲགས་དེས་ཨོན་ཀྲེ་རིའུ་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཡིག་དང་འགལ་གྱི་ཡོད་པ་རེད། གང་ཡིན་ཟེར་ན་དེས་བོད་དེ་རྗེས་ལུས་ཀྱི་རྣམ་པ་ཞིག་སྟོན་པ་ལས། བོད་ནང་དུ་དྲག་པོའི་བཙན་འཛུལ་བྱས་ནས། ལོ་ངོ་བཅུ་ཕྲག་མང་པོའི་རིང་ངའི་བོད་རིགས་སྤུན་ཟླ་རྣམས་དྲག་གནོན་དང་གཉའ་གནོན་མྱངས་ཀྱི་ཡོད་པ་སྟོན་གྱི་མི་འདུག”ཅེས་དང་། ཁྱབ་བསྒྲགས་དེས་བརྡ་ལན་ནོར་བ་སྤྲོད་ཀྱི་ཡོད་པ་མ་ཟད། བོད་མི་རྣམས་ཕར་ཚུར་འགྲིམ་འགྲུལ་སྐབས་སེམས་ལ་གནོད་ཀྱི་ཡོད་སྐོར་སོགས་བྲིས་ཡོད་འདུག
འོན་ཀྱང་འགྲིམ་འགྲུལ་ལས་ཁང་དེས་ཁྱབ་བསྒྲགས་ཤིག་ཡག་པོ་མ་མཐོང་བ་དང་དེས་སེམས་ལ་གནོད་པ་ཙམ་གྱིས། དེ་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་ཡང་དག་ཆགས་ཀྱི་མེད་སྐོར་དང་། དེ་བཞིན་ཁེ་ན་ཊའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་འགྲིམ་འགྲུལ་སྡེ་ཚན་ཚོས་རང་དབང་དང་མང་གཙོའི་སྤྱི་ཚོགས་ནང་རྩོད་རྙོག་ཅན་གྱི་ཁྱབ་བསྒྲགས་ཁས་ལེན་བྱེད་དགོས་པའི་ཐག་གཅོད་བྱས་ཡོད་སྐོར་བརྗོད་ཡོད་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་ཟླ་འདིའི་ཚེས་༡༤ ཉིན་འགྲིམ་འགྲུལ་ལས་ཁང་དེའི་མདུན་དུ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་འདུག་པ་དང་། ཉིན་དེར་ཨོན་ཀྲེ་རོའི་མངའ་སྡེའི་གྲོས་ཚོགས་འཐུས་མི་བོད་ཀྱི་གྲོགས་པོ་གྲོས་ཚོགས་འཐུས་མིའི་ཚོགས་པ་འཛུགས་མཁན་ལྕམ་ཌི་ནོ་ཝོ་ཡིས། འགྲིམ་འགྲུལ་ལས་ཁང་གི་ཚོགས་གཙོ་དང་ཀྲོ་རོན་ཀྲོའི་གྲོང་ཁྱེར་གྱི་འཐུས་མི་ལ་ཡི་གེ་བཏང་ཡོད་འདུག དེའི་ནང་ཁྱབ་བསྒྲགས་དེས་མི་རིགས་དབྱེ་འབྱེད་དང་མཐོང་ཆུང་བྱས་ཡོད་པ་དང་། དེའི་ནང་ལོ་རྒྱུས་ཀྱི་བདེན་པ་གང་ཡོད་བསྟན་མེད་པས། དཀའ་སྡུག་མྱངས་པའི་མི་རིགས་དེ་དག་གི་སེམས་ལ་གནོད་སྐྱེལ་གྱི་ཡོད་པས་ཁྱབ་བསྒྲགས་དེ་ཕྱིར་འཐེན་ཡོང་བའི་རེ་བ་ཡོད་ཅེས་བྲིས་ཡོད་འདུག
ཁེ་ན་ཊའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་ཆོས་སྐྱིད་ཀྱིས། པར་རིས་དེས་རྒྱ་ནག་གི་བོད་དབང་སྒྱུར་བྱས་པ་ལ་བརྟེན་ནས། བོད་དེ་དེང་རབས་ཅན་དུ་བསྒྱུར་ཡོད་པའི་རྣམ་པ་སྟོན་རྩིས་བྱེད་ཀྱི་ཡོད་པ་ལས། བོད་ནང་དུ་དངོས་ཡོད་ག་རེ་བྱུང་གི་ཡོད་མེད་བསྟན་མེད་ཁར། བོད་དེ་ནི་དེང་རབས་ཅན་དང་མི་མང་ཚང་མ་སྐྱིད་པོ་དང་རང་དབང་ངང་འཚོ་བ་སྐྱེལ་གྱི་མེད་པར། ཉིན་ལྟར་གཉའ་གནོན་འོག་འཚོ་བ་སྐྱེལ་གྱི་ཡོད་སྐོར་བརྒྱུད་ལམ་ཁག་ལ་བརྗོད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།