བོད་དངུལ་སྐོར་དུས་ཐུང་གི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་།

ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་ཕྱི་དྲིལ་བོད་ཀྱི་འགྲེམ་སྟོན་ཁང་དུ་བོད་དངུལ་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་ཞིག་དབུ་འབྱེད་གནང་སོང་།

སྐབས་དེར་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་གྱིས་ལོ་འདིའི་ཕྱི་ཟླ་༣ ཚེས་༡༥ བར་དུས་ཐུང་གི་འགྲེམས་སྟོན་དེ་སྒོ་ཕྱེས་ནས་འཇོག་རྒྱུ་དང་། དངུལ་གྱི་ཐོག་ནས་བོད་རང་བཙན་གཙང་མ་ཡིན་པ་ར་སྤྲོད་ཐུབ་ཀྱི་ཡོད་པར་བརྟེན། བོད་དངུལ་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་དེ་གལ་འགངས་ཆེན་པོ་ཡིན་ཞེས་བརྗོད་སོང་།

འགྲེམས་སྟོན་ཁང་གིས་གཤམ་སྟོན་བྱས་པའི་བོད་དངུལ་གྱི་པར་དང་ངོ་སྤྲོད་སོགས་ཀྱི་ནང། བོད་ཀྱི་ལོ་རྒྱུས་ཐོག་དངུལ་སྔ་ཤོས་འགྲོན་བུ་ཡིན་ཞིང་། འགྲོན་བུ་དངུལ་གྱི་དོད་དུ་སྤྱད་ནས་ཕལ་ཆེར་ད་ལྟའི་བར་མི་ལོ་༤༠༠༠ ཙམ་ཕྱིན་ཡོད་པ་དང་། འགྲོན་བུ་མ་བྱུང་གོང་ཕྱུགས་རིགས་དང་དར་གོས་སོགས་དངོས་རྫས་གཞན་དང་བརྗེ་རེས་བྱེད་ཀྱི་ཡོད་པ་དེས་དངུལ་གི་ནུས་པ་ཐོན་ཡོད་པ་མ་ཟད། ཚ་དང་འབྲུ་རིགས། མར་དང་སྦྲང་རྩི། སྟར་ག་སོགས་དངོས་པོ་གཞན་དང་བརྗེ་རེས་ཀྱི་ཚབ་ལ་བེད་སྤྱོད་བཏང་ཡོད་པར་བཀོད་འདུག

གཞན་ཡང་། ཕྱི་ལོའི་དུས་རབས་བཞི་པའི་ནང་སྤུར་རྒྱལ་བོད་ཀྱི་བཙན་པོས་གསེར་གྱི་དངོས་པོ་བརྗེ་རེས་བྱེད་པའི་ཚབ་ལ་བེད་སྤྱོད་གཏོང་འགོ་ཚུགས་ཤིང། དུས་རབས་བདུན་པའི་རྗེས་གསེར་བོད་དངུལ་གྱི་དོད་དུ་ཡོངས་ཁྱབ་ཏུ་སྤྱད་པར་མ་ཟད། བཙན་པོ་སྲོོང་བཙན་སྒམ་པོས་བཅས་པའི་ཁྲིམས་སྲོལ་ཁོད་སོ་དྲུག་གི་ནང་གསེས་འབུམ་གསེར་ཏོག་ཤ་བ་ཅན་ནང་འཇལ་ཆེད་ལ་སོར་དང་། གཤོར་ཆེད་ལ་བྲེ། འདེགས་ཆེད་ལ་སྲང་བཅས་བོད་ཁམས་ཡོངས་ལ་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་གཅིག་གྱུར་གཏན་འབེབས་བྱུང་ཡོད་པ་བཀོད་འདུག

དེ་བཞིན་བལ་ཊམ་བོད་ཁུལ་དུ་དར་ཁྱབ་བྱུང་ཡང་། ཕྱི་ལོ་༡༧༩༡ ལོར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་སུ་བལ་ཊམ་བོད་ཁུལ་དུ་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་འདུག

ཕྱི་ལོ་༡༧༩༡ ལོར་ཀོར་པོར་ཊམ་ཀ་གསར་བཟོ་གནང་བ་མ་ཟད་ལྷ་སའི་ཞོལ་དུ་འདོད་དཔལ་དངུལ་བཟོ་ཁང་ཞེས་པ་ཞིག་བཙུགས་ཡོད་འདུག དེ་ནས་རིམ་པས་འཕེལ་རྒྱས་ཕྱིན་ནས་ཕྱི་ལོ་༡༩༢༡ ལོར། དགའ་ལྡན་ཕོ་བྲང་གིས་ཤོག་བུའི་དངུལ་པར་དཔར་མགོ་བརྩམས་པ་སོགས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཕེལ་རིམ་བཅས་བཀོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།