བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ཐེངས་བདུན་པ་ལེགས་གྲུབ་བྱུང་སོང་།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་འདས་པའི་ཟླ་བ་མང་པོའི་རིང་། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ནས་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་ས་བར་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་ཞིག་སྤེལ་ནས། དེ་རིང་བཞུགས་སྒར་རྡ་སར་འབྱོར་ཡོད།

ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༠ ཉིན་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་འདི་ལོའི་ཕྱི་ཟླ་༧ ཚེས་༦ ཉིན་ཏེ། ༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ནས་མགོ་བཙུགས་ཏེ་བཞུགས་སྒར་རྡ་སའི་བར་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་གྱི་འབོད་སྒྲ་ནི། “མི་ཡུལ་ག་ཚོད་སྐྱིད་ཀྱང་། རང་ཡུལ་མ་བརྗེད། བོད་མི་ཚོ་ཆིག་སྒྲིལ་བྱོས།” ཞེས་ཁོང་གི་རྐང་འཁོར་ཐོག་ཏུ་བྲིས་འདུག ཁོང་གིས་གསུངས་དོན་ལ། ཁོང་གིས་ལས་འགུལ་དེ་ལྟར་སྤེལ་དགོས་དོན་ནི། བོད་ཀྱི་རྩ་དོན་ཆེད་དང་། ༧གོང་ས་མཆོག་གི་བཀའ་དགོངས། གཞོན་སྐྱེས་ཚོར་མིག་དཔེ་ཞིག་སྟོན་ཐབས་ཆེད་ལས་འགུལ་དེ་སྤེལ་བ་ཡིན། ང་ཚོ་བོད་མི་ཚོ་ནང་ཁུལ་གྱི་རྙོག་གླེང་ལ་མགོ་འཐོམས་ནས་མ་བསྡད་པར། བོད་ཀྱི་རྩ་དོན་ཆེད་དུ་ལས་འགུལ་སྤེལ་རོགས་ཞེས་གསུངས་ཀྱི་འདུག དེ་བཞིན་ཁོང་རང་ཉིད་དགུང་གྲངས་༦༥ མ་ཟིན་བར་བོད་དོན་ཆེད་དུ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་བཞིན། ད་ལོ་ཁོང་དགུང་ལོ་༦༥ ལ་སླེབས་ཀྱི་ཡོད་འདུག
ཁོང་གི་ཐོག་མའི་འཆར་གཞི་ལྟར་ན། ཕྱི་ཟླ་༡༢ ཚེས་༡༠ སྟེ་༧གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་ཉིན་མོར་བཞུགས་སྒར་དུ་འབྱོར་རྒྱུའི་འཆར་གཞི་ཡོད་ཀྱང་། ཉེ་ཆར་ཁོང་རྒྱ་གར་གྱི་རྒྱལ་སའི་ཉེ་འཁོར་དུ་འབྱོར་དུས། དྲག་སྤྱོད་པས་ལྡི་ལིའི་ནང་འབར་རྫས་ཀྱིས་གཏོར་རྒོལ་བྱས་པའི་རྐྱེན་གྱིས། ཁོང་ལྡི་ལིའི་ནང་གི་ས་ཆ་ཁ་ཤས་དང་། གཞན་ལྡི་ལིའི་ཉེ་འཁོར་དུ་ཡོད་པའི་ས་ཆ་མང་པོ་ཞིག་ལ་སྐོར་བསྐྱོད་དུ་འགྲོ་རྒྱུར་འགོག་རྐྱེན་འཕྲད་ནས་འགྲོ་ཐུབ་མེད་པ་དང་། ལྡི་ལི་ནས་བཞུགས་སྒར་བར་གྱི་ལམ་ཐག་རིང་ཐུང་གི་སྐོར་ལ་རྩིས་ནོར་ཅུང་ཙམ་ཤོར་ནས། ཉིན་གྲངས་འགའ་ཤས་སྔོན་ལ་བཞུགས་སྒར་དུ་འབྱོར་ཡོད་ཅེས་ཁོང་གིས་གསུངས་ཀྱི་འདུག
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་གྱིས་ད་བར་རྐང་འཁོར་སྐོར་བསྐྱོད་ཐེངས་མང་པོ་སྤེལ་ཡོད་པ་དང། དེ་རིང་གི་སྐོར་བསྐྱོད་དེ་ཐེངས་བདུན་པ་ཆགས་ཀྱི་ཡོད། རྐང་འཁོར་སྐོར་བསྐྱོད་དེ་དག་རྒྱ་གར་གྱི་ས་ཆ་འདྲ་མིན་ནས་མགོ་བཙུགས་ཡོད་པ་དང་། ཐེངས་དང་པོ་དེ་ཕྱི་ལོ་༢༠༢༣ ཟླ་༡༠ ནང་བཞུགས་སྒར་རྡ་ས་ནས་རྡོ་རྗེ་གདན་བར་དང་། ཐེངས་གཉིས་པ་དེ་ཕྱི་ལོ་༢༠༢༣ ཟླ་༡༢ ནང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ནས་བདེ་སྐྱིད་གླིང་བར། ཐེངས་གསུམ་པ་ཕྱི་ལོ་༢༠༢༤ ཟླ་༣ ནང་དྷེ་ར་ལྡུན་བདེ་སྐྱིད་གླིང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བར། ཐེངས་བཞི་པ་དེ་ཕྱི་ལོ་༢༠༢༤ ཟླ་༥ ནང་རྒྱ་གར་བྱང་ཕྱོགས་ལ་དྭགས་མཁར་གདོང་ལ་ནས་བཞུགས་སྒར་རྡ་ས་བར། ཐེངས་ལྔ་པ་ཨ་རུ་ན་ཅལ་མངའ་སྡེའི་ནང་ཡོད་པའི་མོན་རྟ་དབང་ཞེས། ༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་འཁྲུངས་ཡུལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇཱན་ཏར་མན་ཏར་བར། རྒྱ་གར་བྱང་ཕྱོགས་དྷེ་ར་ལྡུན་ནས་མགོ་བཙུགས་ཏེ་སིམ་ལ་བརྒྱུད་མ་ན་ལི་བར། རྡ་རམ་ས་ལ་ནས་ལྡི་ལིའི་བར་དུ་བོད་དོན་རྐང་འཁོར་སྐོར་བསྐྱོད་ཀྱི་ཞི་བའི་ལས་འགུལ་ཐེངས་ཐེངས་དྲུག་པ་སྤེལ་ཡོད། ཐེངས་བདུན་པ་དེ་ད་ལན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སྦེལ་ཀོབ་ནས་འགོ་འཛུགས་བྱས་ཏེ་དེ་རིང་བཞུགས་སྒར་རྡ་སར་འབྱོར་འདུག།
ཁོང་གིས་རྐང་འཁོར་སྐོར་བསྐྱོད་ཐེངས་བདུན་པ་དེ་སྤེལ་བཞིན་པའི་སྐབས་སུ་ཁོང་ལ་འཕྲོད་བསྟེན་གྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཡོད་ཅིང། འདི་ལོ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ནས་མགོ་བཙུགས་ནས། སེར་འབྲས་དགའ་གསུམ་གཙོས་པའི་བོད་པའི་གནས་སྡོད་གཞིས་ཆགས་ཁག་ལ་ཕྱིན་ཏེ། རྒྱ་གར་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་ཐོན་འཆར་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེ་ཁག་བྷེང་གྷ་ལོར་དང། མུམ་བྷའེ་ཡིས་གཙོས་ས་གནས་མང་པོ་ཞིག་ལ་སྐོར་བསྐྱོད་བྱས་ཡོད་ཀྱང་། རྒྱ་གར་གྱི་མངའ་སྡེ་མཱ་ཧ་རཱ་ཤི་ཏྲི་ཡའི་གྲོང་ཁྱེར་ཝཱ་ནི་རུ་འབྱོར་དུས་ཁོང་ལ་ཚ་བའི་ནད་ཕོག་ནས་རྐང་འཁོར་སྐོར་བསྐྱོད་མུ་མཐུད་བྱེད་མ་ཐུབ་པར་གནས་སྐབས་མཚམས་འཇོག་བྱེད་དགོས་བྱུང་ཡོད་འདུག དེ་རྗེས་སྨན་པའི་ལམ་སྟོན་གཞིར་བཟུང་ཟླ་བ་གཉིས་ཙམ་རིང་སྨན་བཅོས་དང་ངལ་གསོ་གནང་དགོས་བྱུང་ཡོད་པ་དང། ཟླ་བ་གཉིས་ཙམ་གྱི་རྗེས་སུ་ཁོང་རང་ཉིད་ཀྱི་གཟུགས་གཞི་དྲག་སྐྱེད་བྱུང་ནས་བསྐྱར་དུ་རང་ཉིད་ཀྱི་དམ་བཅའ་གཞིར་བཟུང་བོད་དོན་ལས་འགུལ་སྤེལ་ནས། དེ་རིང་བཞུགས་སྒར་དུ་འབྱོར་ཏེ་བོད་དོན་རྐང་འཁོར་སྐྱོར་བསྐྱོད་ཀྱི་ལས་འགུལ་དེ་མཇུག་ལེགས་པར་བསྒྲིལ་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
